དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཆབ་མདོའི་དཔལ་འབྱོར་ལོ་6བསྟུད་མར་འཕེལ་རྒྱས་མྱུར་པོ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-17

    ▶ དཔལ་འབྱོར་གྱི་སྟོབས་ཤུགས་ཆེས་ཆེར་འཕར་བ།

    ▶ སྒྱུར་བཅོས་ཀྱི་གསོན་ཤུགས་གང་ལེགས་མངོན་པ།

    ▶ འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ།

    ▶ རྨང་གཞིའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

    2014ལོའི་ཟླ་12པར་གྲོང་ཁྱེར་དུ་བསྒྱུར་བ་ནས་བཟུང་། བོད་ཀྱི་ཆབ་མདོ་གྲོང་ཁྱེར་གྱིས་འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། གོ་སྐབས་དམ་འཛིན། བརྒྱུད་རིམ་ལྡན་པའི་འཆར་འགོད་བཅས་བྱས་ཏེ་རྒྱལ་ཁབ་ཀྱིས་བཏོན་པའི་སྲིད་ཇུས་གང་ལེགས་སྤྱད་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་6བསྟུད་མར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བྱུང་ཡོད།

    དཔལ་འབྱོར་གྱི་སྟོབས་ཤུགས་ཆེས་ཆེར་འཕར་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་སྣེ་ཁྲིད་དང་རང་འགུལ་ངང་འཚམ་པར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་དང་ཕུགས་ཀྱི་འཕེལ་རྒྱས་ཀྱི་ལེགས་ཆར་རྩ་བ་བཙུགས་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། སྔོན་དཔག་ལྟར་ན། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2014ལོའི་སྒོར་དུང་ཕྱུར་117.1ནས་2020ལོའི་སྒོར་དུང་ཕྱུར་242.5བར་འཕར་ཏེ་ལོའི་ཆ་སྙོམས་འཕར་ཚད་9.6%(འགྱུར་མེད་རིན་གོང)ཟིན་པ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་9ནས་སྒོར་དུང་ཕྱུར་18.15བར་འཕར་ཏེ་ལོའི་ཆ་སྙོམས་འཕར་ཚད་12.6%ཟིན་པ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་32ནས་སྒོར་དུང་ཕྱུར་63.1བར་འཕར་ཏེ་ལོའི་ཆ་སྙོམས་འཕར་ཚད་11.9%བཅས་ཟིན་པ་རེད།

    སྒྱུར་བཅོས་ཀྱི་གསོན་ཤུགས་གང་ལེགས་མངོན་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་རིམ་རྩིས་བྱས་ན། གྲོང་ཁྱེར་རིམ་པ་དེ་གའི་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་273རྩིས་མེད་དང་གཤམ་སྤྲོད་བྱས་ཡོད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྲིད་དོན་ཞབས་ཞུ་ལྟེ་གནས་ཡོངས་སུ་ཁྱབ་ནས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”དྲ་ཐོག་ནས་གཉེར་སྒྲུབ་བྱེད་ཚད་90%ཡན་ཟིན་ཏེ་གསང་འབྲེལ་མིན་པའི་རྣམ་གྲངས་100%ལ་དྲ་ཐོག་ནས་ཞིབ་མཆན་བཀོད་ཡོད། རིམ་རྩིས་བྱས་ན། ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་སྒོར་དུང་ཕྱུར་23.06གི་ཁུར་པོ་ཡང་དུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་ཐོ་འགོད་མ་རྩ་ལོར་ཆ་སྙོམས་13.4%དང་18.4%སོ་སོར་འཕར་བ་དང་། རིམ་རྩིས་བྱས་ན། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་260.2གནད་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

    འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་བྱས་པས་ཆབ་མདོ་གྲོང་ཁྱེར་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་40%ནས་57%བར་འཕར་བ་དང་། འདེབས་གསོའི་རྟེན་གཞི་71བསྐྲུན་པ། སྣེ་འདྲེན་ཁེ་ལས་24སྐྱེད་སྲིང་བྱས་པ། ཐོ་འགོད་ཚོང་རྟགས་ནུས་ལྡན་1957མང་དུ་སོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོར་ཆ་སྙོམས་6.5%འཕར་བ་མ་ཟད། ནུས་རྒྱུ་གཙང་མ་གསར་སྤེལ་མགྱོགས་སུ་བཏང་ནས་མགོ་སྟོད་དང་མཇུག་པ་སོགས་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་། སྐྲུན་བཞིན་པའི་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་619ཟིན་ཡོད། ལྗང་མདོག་བཟོ་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་གཡུ་ལུང་ཟངས་གཏེར་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་ལོར་ཐོན་ཚད་ཏུན་ཁྲི་13ཟིན་པ་དང་མཁར་དམར་མདོའི་གཟེ་མྰེ་གཏེར་ཏུན་ཁྲི་50ཡི་རྣམ་གྲངས་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། མཐོ་བརྩོན་ཨར་འདམ་ཐོན་སྐྱེད་ཁུལ་གཉིས་པ་དང་། སྨར་ཁམས་ཧའེ་ཐུང་ཨར་འདམ། དཔའ་ཤོད་དུང་དཀར་ཨར་འདམ་བཅས་དུས་མཉམ་དུ་ཚོད་ལྟའི་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ། ཤང་དང་ཤང་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོར་ཆ་སྙོམས་24.3%འཕར་བ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཅའ་སྡོད་ཁེ་ལས་1052ཟིན་ནས་མཛོད་འཇུག་ཁྲལ་འབབ་སྒོར་དུང་ཕྱུར་36.18ལེགས་གྲུབ་བཅས་བྱུང་ཡོད།

    རྨང་གཞིའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཞིང་། ཁྲོན་བོད་ལྕགས་ལམ་བསྐྲུན་འགོ་ཚུགས་པ་དང་G214ལམ་ཐིག་གི་ཆབ་མདོ་ནས་ལྕགས་ཁ་བར་གྱི་ལམ་དུམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་རིམ་རྩིས་བྱས་ན་མཐུན་སྒྲིལ་ལམ་དང་བདེ་སྐྱིད་ལམ་ཁྱོན་1243བསྐྲུན་པ་དང་། ལོ་དྲུག་རིང་གཞུང་ལམ་ལམ་ཚད་སྤྱི་ལེ་4451རིང་དུ་ཕྱིན་པ། རྫོང་(ཆུས)11ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པ། ཤང(གྲོང་རྡལ)ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་95%ཟིན་ཡོད། སྤང་མདའ་གནམ་ཐང་གི་དུས་ཐེངས་གཉིས་པའི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་རྗེས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་གཏོང་ཐེངས་77ཟིན་ནས་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་དྲ་བ་རགས་ཙམ་ཆགས་ཡོད། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ཆབ་མདོ་དང་བོད་དབུས་དྲ་སྦྲེལ་ལེགས་གྲུབ་བྱུང་ནས་གློག་དྲ་གཙོ་བོ་མི་འབོར་ལ་ཁྱབ་ཚད་47%ནས་92%བར་མང་དུ་ཕྱིན་ཡོད། གྲྭ་ཚང་ཀ་ཆུ་མཛོད་ཀྱི་ཆུ་སྒོ་མནན་ནས་ཆུ་གསོག་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་14.7བཏང་བའི་གྲོང་གསེབ་ཀྱི་འཐུང་ཆུའི་འདུ་འགོད་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།