འདི་ནི་བསྟན་པ་རྒྱལ་མཚན་ཡིན་པ།
མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས།
བསྟན་པ་རྒྱལ་མཚན། བོད་རིགས། བོད་ལྗོངས་ལྷོ་ཁ་བ། 1938ལོར་སྐྱེས། 1955ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་སློབ་གཉེར་བྱས། 1959ལོའི་ཟླ་3པར་ལྷོ་ཁ་ཡན་ལག་ལས་དོན་ཨུ་ལྷན་དྲིལ་བསྒྲགས་པུའུ་རུ་ལས་བགོས་བརྒྱབ། 1961ལོར་ལྷོ་ཁ་ས་ཁུལ་ཁྲ་འབྲུག་ཆུས(ད་ལྟའི་ཁྲ་འབྲུག་དགོན་པ་གནས་ས)ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར། 1964ལོར་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་རྫོང་དཔོན་གྱི་འགན་ཁུར། 1973ལོར་ལྷོ་ཁ་ས་ཁུལ་སྤྱི་ཚོགས་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར། 1984ལོར་ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པའི་འགན་ཁུར། 1988ལོར་རྒན་ཡོལ་ཞུས་ནས་ད་ཆ་ལྷ་སར་གཞིས་ཆགས།
ལོ་10ནས་བཟུང་ཨ་ཁུ་དང་མཉམ་དུ་སྐུ་དྲག་ལ་དངོས་ཟོག་སྐྱེལ་རོགས་བྱེད་ཀྱི་ཡོད། གཟབ་གཟབ་སིལ་སིལ་དང་ཤར་བྲོས་ནུབ་རྒྱུགས་ཀྱི་འཚོ་བ་དེ་སྐྱི་གཡའ་དགོས་པ་ཞིག་ཡོད། ལོ་13སྐབས་བཅིངས་འགྲོལ་དམག་ངོ་ཤེས་པ་ནས་མི་དང་མིའི་དབར་དྲོ་སྐྱིད་ལྡན་པའི་བརྩེ་དུང་ཡོད་པ་ཚོར་བྱུང་། ཕྱིས་སུ་ང་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ཀྱིས་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱས་ཏེ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་འཚོ་བ་སྐྱིད་པོ་སྐྱེལ་འགོ་ཚུགས།
1948ལོར་རང་ཉིད་ལོ་10ལ་སླེབས་པ་དང་རྒྱུ་རྐྱེན་གང་རུང་དབང་གིས་ནང་མི་ཚོས་ང་རང་ཨ་ཁུའི་ནང་ལ་བསྐྱལ་བྱུང་། ཨ་ཁུའི་ནང་མི་ཚོ་ཁྲལ་པ་ཡིན་པས་སྐབས་རེ་སྐུ་དྲག་ལ་དངོས་ཟོག་སྐྱེལ་བར་འགྲོ་དགོས་ཀྱི་ཡོད། ང་རང་ཨ་ཁུའི་ཁྱིམ་དུ་འབྱོར་སྐབས་ཁོ་ཚོ་དངོས་ཟོག་སྐྱེལ་དུ་འགྲོ་བ་དང་ཏག་ཏག་འཁེལ། ནང་མི་སུ་ཞིག་ཡིན་རུང་ལོངས་སྤྱོད་བྱས་ནས་སྡོད་དབང་མེད་སྟབས། ཨ་ཁུས་ང་ལའང་རྟ་གཉིས་བཀོད་སྒྲིག་བྱས་ཏེ་ལྷ་སའི་མལ་གྲོ་གུང་དཀར་རྫོང་ནས་བར་ལའི་རི་གཤམ་གྱི་ས་ཆ་ཞིག་ཏུ་དངོས་ཟོག་སྐྱེལ་བར་བཏང་བྱུང་། དངོས་ཟོག་བསྐྱལ་ནས་ཕྱིར་ལོག་པའི་ལམ་བར་དུ་ཇག་པ་འཕྲད་དེ་རྟ་དང་འབྲུ་རིགས་ཚང་མ་འཕྲོག་སོང་། སྟབས་ལེགས་པ་ཞིག་ལ་ང་རང་བྲོས་ཐུབ་ཙམ་བྱུང་། ཇག་པ་སླར་ཡང་འཕྲད་ཡོང་སྙམ་སྟེ་མཚན་བགྲོད་ཉིན་གཉིས་བརྒྱབ་རྗེས་གཞི་ནས་ཨ་ཁུའི་ཁྱིམ་དུ་འབྱོར་བྱུང་།
ལོ་13ལ་སླེབས་སྐབས་བཅིངས་འགྲོལ་དམག་ང་ཚོའི་སར་སླེབས་བྱུང་། ཐེངས་ཤིག་ཨ་ཁུའི་ཁྱིམ་གྱིས་རྟ་གྲ་སྒྲིག་བྱས་ཏེ་བཅིངས་འགྲོལ་དམག་གི་རིག་རྩལ་ཚོགས་པའི་དངོས་ཟོག་སྐྱེལ་རྒྱུ་ཁས་བླངས། དངོས་ཟོག་སྐྱེལ་ཡུལ་ནི་ཉིང་ཁྲིའི་དམག་ཁུལ་ཡན་ལག་ཁང་གི་རིག་རྩལ་ཚོགས་པ་ཡིན་པ་ངས་ད་ལྟའང་གསལ་པོ་དྲན་གྱི་འདུག ཁོ་ཚོ་ལྷ་སར་འཁྲབ་སྟོན་ལ་བསྐྱོད་དགོས་པས་འཁྲབ་ཆས་སྐྱེལ་མཁན་རྟ་གཉིས་དགོས་ཀྱི་འདུག རིག་རྩལ་ཚོགས་པའི་ནང་མང་ཆེ་བ་རྒྱ་རིགས་བློ་མཐུན་ཡིན་སྟབས་ང་ཚོའི་དབར་སྐད་བརྡ་མི་འཕྲོད་མོད། འོན་ཀྱང་ལམ་བར་དུ་ཁོ་ཚོས་ང་དང་མཉམ་ཟ་མཉམ་འཐུང་བྱེད་པ་མ་ཟད་བོད་རིགས་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་བྱས་ཏེ་མང་ཚོགས་ཀྱི་ས་ནས་ཁབ་སྐུད་པ་ཙམ་ཡང་མི་ལེན་ཐག་ཆོད་རེད་འདུག
ཐེངས་ཤིག་བཅིངས་འགྲོལ་དམག་གི་དཔུང་སྡེའི་ཡིང་ཀྲང་ཞིག་དང་གསར་འགྱུར་སྤེལ་མཁན་ཞིག་གིས་རྟ་གཉིས་གཡར་ནས་ཁོ་ཚོའི་དངོས་ཟོག་དབོར་དགོས་ཀྱི་ཡོད་པ་ཤེས་འཕྲལ་ངས་རྟ་འཁྲིད་ནས་ཕྱིན་པ་ཡིན། ཨ་ཁུའི་ཁྱིམ་གྱི་རྟ་ཡིས་དངོས་ཟོག་ལྗིད་པོ་ཐེངས་མང་དབོར་དྲག་པའི་དབང་གིས་སྒལ་སྟེང་གི་པགས་པའང་འབུད་པ་ཡིང་ཀྲང་གིས་མཐོང་འཕྲལ་ཁོ་ཚོའི་སྟོད་གོས་རྟའི་སྒལ་པར་གཡོགས་བཞིན་ང་ལ་རྟ་ཡི་ན་ཟུག་ཆུང་དུ་འགྲོ་གི་རེད་ཅེས་བརྗོད་བྱུང་། ཁོ་ཚོས་དུད་འགྲོ་ལའང་གཅེས་སྐྱོང་དེ་འདྲ་བྱེད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་།
བཅིངས་འགྲོལ་དམག་དང་མཉམ་དུ་ཐེངས་གཉིས་བསྐྱོད་པ་ལས་ང་རང་ལྷོད་ཤིག་ཤིག་བྱུང་ལ་དགའ་ཚོར་ཡང་ཆེན་པོ་བྱུང་། བཅིངས་འགྲོལ་དམག་དང་འབྲེལ་གཏུག་ཐེངས་ཁ་ཤས་བྱས་པ་བརྒྱུད། ཨ་ཁུས་ཁོ་ཚོར་རྒྱུས་མངའ་དེ་བས་ལོན་ཏེ་རྟག་ཏུ་ང་ཚོར“བཅིངས་འགྲོལ་དམག་ནི་ང་ཚོར་བཅིངས་འགྲོལ་གཏོང་བར་ཡོང་བ་རེད”ཅེས་ཤོད་ཀྱི་འདུག
བཅིངས་འགྲོལ་དམག་དང་དུས་ཐུང་གཤིབ་པ་བརྒྱུད། ང་ལ་སྔ་ན་མེད་པའི་ལྟ་སྐྱོང་གནང་བྱུང་། དུས་དེ་ནས་བཟུང་ངས་བཅིངས་འགྲོལ་དམག་དང་རྒྱ་རིགས་བློ་མཐུན་ཚོར་རྒྱུས་མངའ་རགས་ཙམ་ལོན་ཏེ་ཁོ་ཚོས་ང་ཚོར་བརྩི་འཇོག་དང་ཐུགས་ཁུར་གནང་བ་དུས་ནམ་ཡང་བརྗེད་མི་སྲིད།
ལོ་17ལ་སླེབས་སྐབས་ངར་ཤུགས་འཕེལ་བཞིན་པའི་ང་ལ་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་ཤིག་བྱུང་བ་དེ་ནི་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་ཡུལ་མི་ཚོ་འཚོ་བ་དངོས་འབྲེལ་ཡག་པོ་སྐྱེལ་ཐུབ་པའི་སྣེ་འཁྲིད་བྱ་རྒྱུ་དེ་རེད།
1955ལོར་ལོ་17ལ་སླེབས་པའི་ང་རང་ལྷོ་ནུབ་མི་རིགས་སློབ་གླིང(ད་ལྟའི་ལྷོ་ནུབ་མི་རིགས་སློབ་ཆེན་ཡིན་པ)དུ་རིག་གནས་དང་ཤེས་ཡོན་སྦྱོང་བར་བསྐྱོད་པ་ཡིན།
1959ལོའི་ཟླ་3པར་ང་རང་སློབ་མཐར་ཕྱིན་ནས་བོད་དུ་ཕྱིར་ལོག་བྱས་པས་རྩ་འཛུགས་ཀྱིས་ལྷོ་ཁའི་ཡན་ལག་ལས་དོན་ཨུ་ལྷན་དྲིལ་བསྒྲགས་པུའུ་རུ་ལས་བགོས་བརྒྱབ་བྱུང་། མི་རིང་བར་ང་དང་ལས་རོགས་4ལས་གྲུབ་པའི་ལས་དོན་ཚོགས་ཆུང་སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོར(ད་ལྟའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་ཡིན་པ)དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ལ་ཞུགས་པ་ཡིན།
1959ལོའི་ཟླ་4པར། ཁེ་གསུམ་གྲོང་ཚོར་སླར་ཡང་ལས་དོན་ཚོགས་ཆུང་ཁག་གཅིག་སླེབས་པའི་ཁྲོད། སྐབས་དེ་དུས་ཀྱི་ལྷོ་ཁ་ས་ཨུད་ཀྱི་འགོ་ཁྲིད་ཀྲང་ཙེང་ཝུན་ཡོད་པས་ང་ཚོ་ཚང་མས་ཁོང་ལ་ཀྲང་ཧྲུའུ་ཅི་ཞེས་འབོད་ཀྱི་ཡོད། ཀྲང་ཧྲུའུ་ཅི་ནི་ཁེངས་སྐྱུང་དང་། ལྷག་བསམ་རྣམ་དག འགན་འཁྲི་ཁུར་སེམས་ཆེ་བས་ངས་དེ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཀྲང་ཧྲུའུ་ཅི་མིག་དཔེར་འཛིན་ཏེ། ས་ཆ་གང་དུ་བསྐྱོད་པ་དང་ལས་གནས་གང་ཞིག་གི་ཐོག་ཏུའང་མི་རིགས་ཁག་གི་ལས་བྱེད་པའི་དབར་མཐུན་སྒྲིལ་ཡག་པོ་བྱས་ཏེ་ལས་དོན་ཁག་ནན་ཏན་ངང་བསྒྲུབས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་རེ་སྒུག་བྱེད་སར་རེ་སྒུག་བྱས་ཏེ་མང་ཚོགས་ཀྱི་སྣེ་འཁྲིད་དེ་འཛུགས་སྐྲུན་ཡག་པོ་དང་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད།
ད་ཆ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འཚོ་བ་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། མི་རིགས་ཁག་དབར་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་དགའ་གཅེས་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཡོད་པས། མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཁར་རྫོང་བརྟན་པོ་བསྐྲུན་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འབར་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།
(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)