དབུ་ཤོག>གསར་འགྱུར།
  • དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། བདེ་སྐྱིད་གླུ་དབྱངས་གང་སར་གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-01

    ཐོན་སྐྱེད་རིན་ཐང་བསྟུད་མར་འཕར། དཔལ་འབྱོར་འཕེལ་ཁ་སྔར་བཞིན་བཟང་།

    རང་ལྗོངས་ཀྱིས་2020ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབས་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་དཔལ་འབྱོར་མངོན་གསལ་དོད་པོས་སླར་གསོ་བྱུང་བ་དང་། སྟོན་གྲངས་གཙོ་བོ་རྒྱུན་མཐུད་འཕར་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཁག་ཚང་མར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་གྱི་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1308.32ཟིན་པ་དེ་དུས་མཚུངས་ལས་6.3%འཕར་ནས་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31100ཟིན་པ་དེ་དུས་མཚུངས་ལས་9.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9039ཟིན་པ་དེ་དུས་མཚུངས་ལས་12.2%འཕར་བ་རེད།

    ཚན་རྩལ་ཞབས་འདེགས་ཧུར་ཐག་ཞུས། རེ་བའི་འབྲས་བཟང་ཞིང་སར་སྨིན།

    2020ལོའི་ལོ་འགོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གིས་འཐབ་ས་དང་པོར་ལག་རྩལ་གྱི་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་འགོ་ཚུགས་པ་དང་ཚན་རྩལ་མི་སྣ་2000ལྷག་ཙམ་གྱིས་ཟླ་གསུམ་པའི་ཟླ་སྨད་ནས་བཟུང་། ནས་དང་། འབྲི་གཡག བོད་ཕག བོད་ལུག དཀར་ཆུའི་ཐོན་ལས། སྔོ་ཚལ། གཟན་རྩྭ་བཅས་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་བདུན་ལ་དམིགས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ལག་རྩལ་གྱི་ཞབས་འདེགས་ཞུ་བར་བསྐྱོད་དེ་ཏང་གི་ཞིང་དར། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། མང་ཚོགས་ཀྱི་འདེབས་འཛུཌ་དང་། གསོ་སྤེལ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་ཞིབ་ཕྲ་ཐག་གཅོད་ཡག་པོ་བྱས་སྟབས་མི་སེར་གྱི་དགའ་བསུ་ཆེན་པོ་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་ཚན་རྩལ་ཞབས་ཞུ་བའི་ནང་མཐོ་རིམ་གོ་མིང་ཐོབ་པ་91དང་། འབྲིང་རིམ་གོ་མིང་ཐོབ་པ་31 དམའ་རིམ་གོ་མིང་ཐོབ་པ་28བཅས་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན། དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རང་ལྗོངས་སུ་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་རྣམ་པ་རག་ཙམ་ཆགས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆ་འཕྲིན། ཆུ་བེད་སོགས་རྣམ་གྲངས་གལ་ཆེན་ལ་སྐུལ་མ་མགྱོགས་མྱུར་ཐེབས་ནས། རིམ་རྩིས་བྱས་ན་ཁྱོན་གཞུང་ལམ་སྤྱི་ལེ་ཁྲི་2.6ཤར་གཏོང་ཐུབ་སྟེ་སྤྱི་ལེ་ཁྲི་10.4ཟིན་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་བསྐྲུན་ཟིན་ཉེར་ཡོད་པ་དང་། གཡག་རྔ་ནས་ཉིང་ཁྲིའི་དུམ་བུ་ལས་འགོ་བཙུགས་ནས་སྐྲུན་བཞིན་ཡོད་པ། མངའ་རིས་དང་བོད་དབུས་གློག་དྲ་འབྲེལ་མཐུད་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་བཞིན་ཡོད་པ། མ་དངུལ་བསྡོམས་སྒོར་ཁྲི་1743.4བཏང་བའི་ལྷ་ས་ཧྲེན་ལི་དུས་རབས་ཐང་ཆེན་མི་བགྲོད་སྤྲིན་ཟམ་གྱི་རྣམ་གྲངས་ཨར་ལས་མཇུག་འགྲིལ་ཏེ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། སྤྲིན་ཟམ་དེའི་སྤྱིའི་རིང་ཚད་ལ་སྨི་128དང་ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་4ཡོད་པ་དང་། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་སྟབས་བདེ་སྐྲུན་ཆེད། སྤྲིན་ཟམ་ལ་ད་དུང་ཐད་དཔྱང་གློག་སྐས་ཀྱང་བཙུགས་ཡོད། ལ་ལྷོ་ཆུ་བེད་ལྟེ་བའི་ཕུག་ལམ་ཡོངས་སུ་ཤར་གཏོང་ཐུབ་ཅིང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་685རུ་འོད་སྐུད་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་4Gའཕྲིན་གཏོང་ཡོངས་ལ་ཁྱབ་ཡོད།

    རང་ལྗོངས་སུ་གཞུང་ལམ་དང་། ལྕཌ་ལམ། མཁའ་འགྲུལ་བཅས་ཀྱིས་གཙོ་བོར་བྱས་པའི་ཕྱོཌ་བསྡུས་ཀུན་ཁྱབ་ཀྱི་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེཌ་གཏོང་། ཡུལ་སྐོར་གསར་སྤེལ་སོགས་ཀྱི་ཐད་འགྲན་ཟླ་བྲལ་བའི་ནུས་པ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།