ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག“མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་དང་གེགས་སེལ་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་ནང་དམིགས་བསལ་དཔལ་འབྱོར་རོགས་སྐྱོར་གྱི་མཐུན་སྦྱོར་ཚུད་པའི”གྲོས་གཞིའི་འོག་གཏམ་བཤད་སྤེལ་ཞིང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། ཐུན་མོང་ཐོག་རིམས་འགོག་བཅས་བྱས་ནས་མི་ཆོས་ཉམས་ཉེན་འཕྲད་པའི་རྒྱལ་ཁབ་དང་མི་དམངས་ལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་མི་ཆོས་ཀྱི་འགྲན་སློང་ཁྱད་བསད་བྱེད་རོགས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ཏའེ་པིང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་པ་དང་། ས་ཁུལ་དབར་གྱི་གདོང་ཐུག་ཚབས་ཆེ་རུ་འགྲོ་བ། གནམ་གཤིས་འགྱུར་ལྡོག་གི་འཇིགས་སྐུལ་བསྟུད་མར་ཆེ་རུ་འགྲོ་བ། རང་བྱུང་གནོད་འཚེ་དང་གནམ་གཤིས་སྐྱོ་པོ་ཡང་ཡང་ཐོན་པ། བྱེ་ཐང་གི་ཆ་ག་པའི་གནོད་འཚེ་ས་གནས་ཁ་ཤས་སུ་གློ་བུར་དུ་ཐོན་པ། འབྲུ་རིགས་བདེ་འཇགས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བ། ཕྱོགས་རྐྱང་པའི་བཙན་ཤེད་བྱེད་ཐབས་ཀྱི་ཤུགས་རྐྱེན་ངན་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་མི་ཆོས་ཀྱི་དགོས་མཁོ་སྔར་བས་ཆེ་རུ་འགྲོ་བ་དང་མི་ཆོས་ཀྱི་དུས་བབ་ཀྱང་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཅེས་བརྗོད།
ཁོང་གིས་ནན་བཤད་བྱས་དོན། མི་ཆོས་རོགས་སྐྱོར་ཐད་ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་ངོ་བོ་དང་ཆེད་ལས་ཀྱི་སྙིང་སྟོབས་མངོན་གསལ་དོད་པོ་ལྡན་པར་བྱེད་པ་དང་། རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ། རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་ཐོག་ནས་མི་ཆོས་གནད་དོན་ཆབ་སྲིད་ཅན་ལ་མི་འགྱུར་བ་བྱེད་དགོས། ཁོང་གིས་མི་ཆོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་ནུས་ལྡན་གཏོང་དགོས་པ་དང་། ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩི་རྒྱུར་སྐུལ་འདེད་བཏང་ནས་རིམས་འགོག་སྨན་ཁབ་དེ་ཉམས་ཞན་རྒྱལ་ཁབ་ཏུ་ཁྱབ་གདལ་གཏོང་བའི་རང་བཞིན་དང་ཁུར་ཐུབ་པའི་རང་བཞིན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་བའི་ཆ་ནས་མི་ཆོས་ཀྱི་དགོས་མཁོ་ཆུང་དུ་གཏོང་དགོས་ཞེས་བརྗོད།
ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རྒྱལ་ཁབ་34ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་36བཏང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལ་རིམས་འགོག་རོགས་སྐྱོར་བྱས་པ། ཀྲུང་གོར་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་འཕྲལ་སྡོམ་མཛོད་དང་ལྟེ་བ་འཛུགས་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་བ་དང་འབྲེལ། བེད་སྤྱོད་གཏོང་འགོ་ཚུགས་རྗེས་གོ་ལ་ཧྲིལ་པོའི་ཐོན་རྫས་ལ་བརྩིས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཁོ་འདོན་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།