ལྗོངས་ཡོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་མ་སྒོར་དུང་ཕྱུར་1111.74ཟིན་པ།
ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ལྔ་ཡིས་ཀུན་ཕན་རང་བཞིན་གྱི་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་གཏོང་ཚད་60.29%ཟིན་པ།
བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས“བརྟན་ལྷིང་དྲུག”དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཧུར་ཐག་བྱས་ཤིང་། ལྗོངས་ནང་ཁུལ་གྱི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་འགོར་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཞི་ལྷོད་དུ་བཏང་བ་དང་། “དངུལ་ཁང་བརྒྱ་ཁེ་ལས་ཁྲིར་བསྐྱོད་པའི”མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ལྟ་འདོམས་དང་ལྟ་སྐུལ་མཛུབ་ཁྲིད་དང་། གསར་གཏོད་ལ་བརྟེན་ནས་ཡར་སྐུལ། མཐུན་སྦྱོར་སྐུལ་འདེད་སོགས་ཐད་ཀྱི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་གྱིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོ་ཏན་ཏིག་ངང་སྤེལ་བ།
རང་ལྗོངས་ཀྱི་དངུལ་ཁང་འགན་བཅོལ་ལྟ་སྐུལ་སྡེ་ཚན་གྱིས“དངུལ་ཁང་བརྒྱ་ཁེ་ལས་ཁྲིར་བསྐྱོད་པའི”མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོ་སྤེལ་རྒྱུ་དེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་ཤུཌ་རྒྱག་ས་དང་དོན་ལ་བབས་སར་བརྩིས་ཏེ། 2018ལོའི་ལོ་འཁོར་གྱི་ཁྲལ་འཇལ་ཡིད་རྟོན་རིམ་པ་Bཡན་གྱི་ཕྲན་ཚེགས་ཁེ་ལས་འདེམས་སྒྲུག་བྱས་པ་དང་འབྲེལ། དངུལ་ཁང་སྒྲིག་གཞི་ཁག་གིས་འབྲེལ་མཐུད་ཧུར་ཐག་བྱས་ནས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།
བྱེད་སྒོ་སྤེལ་རིང་། དངུལ་ཁང་ལས་རིགས་ཀྱི་སྒྲིག་གཞིས་ཁེ་ལས་ལ་དགོས་མཁོ་དང་ཐབས་ཇུས་འདྲི་བ་དང་། སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཤེས་བྱ་སློབ་པ། མ་དངུལ་སྤྲོད་པ། ཞབས་འདེགས་ཞུ་བ་བཅས་བྱས་ནས་ཁེ་ལས་ཀྱི་གནད་དོན་དང་དཀའ་ངལ་ཐག་གཅོད་གང་ལེགས་བྱས་ཡོད།
ཟླ་10པའི་ཟླ་མཇུག་བར། རང་ལྗོངས་ཀྱི་དངུལ་ཁང་སྒྲིག་གཞི་ཁག་གིས་ཁྲལ་འཇལ་ཡིད་རྟོན་རིམ་པ་Bཡན་གྱི་ཕྲན་ཚེགས་ཁེ་ལས་804ལ་ཡིད་རྟོན་དངུལ་བུན་བཏང་ཞིང་། མ་དངུལ་བསྡུ་སྒྲིལ་བསྡོམས་འབོར་སྒོར་དུང་ཕྱུར་11.29ཟིན་པའི་ཁྲོད་ཐོག་མའི་དངུལ་བུན་གཏོང་ཡུལ་374ལ་དངུལ་བུན་སྒོར་དུང་ཕྱུར་4.35བཏང་བ་དེས་ཐོག་མའི་དངུལ་བུན་གཏོང་ཡུལ་གྱི་46.52%བཟུང་ཡོད།
ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ནུས་ཆེ་རུ་བཏང་བ།
“དངུལ་ཁང་བརྒྱ་ཁེ་ལས་ཁྲིར་བསྐྱོད་པའི”མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོས“དངུལ་ཁྲལ་མཉམ་འགུལ”གྱི་མཉམ་ལས་ལམ་སྲོལ་རྨང་གཞིར་བྱས་པ་དང་། དངུལ་ཁང་སྒྲིག་གཞིས་ཁྲལ་དོན་སྡེ་ཚན་དང་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་རིམ་པའི་ཆ་འཕྲིན་མཉམ་སྤྱོད་དང་སྤེལ་རེས་བྱས་པ་བརྒྱུད་ཕྲན་ཚེགས་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་དེ་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་དུ་བསྒྱུར་རོགས་བྱས་པ་དང་ཆབས་ཅིག “དངུལ་རྩ་དང་། ཁེ་ལས། ཁྲལ་དོན། དངུལ་ཁང་བཅས་ལ་ཕན་པའི་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་ལས་སྟེགས”དངོས་སུ་སྤྱོད་འགོ་བཙུགས་ཏེ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི“ཁྲལ་འཇལ་ཡིད་རྟོན”དེ་རིན་ཐང་ལྡན་པའི“མ་དངུལ་བསྡུ་སྒྲིལ་མ་རྩར”བསྒྱུར་ནས་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་གཏོང་རིང་གི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་ཡོད།
ཟླ་1པོ་ནས་ཟླ་10པའི་བར། ལྗོངས་ཡོངས་ཀྱི“དངུལ་ཁྲལ་མཉམ་འགུལ”གྱི་གཟིགས་སྐྱོང་ཐོབ་པའི་ཁེ་ལས་609ཡོད་པ་དང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་5.51བཏང་ནས་མི་1800ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། དངུལ་ཁྲལ་མཉམ་ལས་ཀྱིས་དངུལ་བུན་ལྷག་མ་སྒོར་ཁྲི་76010.51བཏང་བ་དེ་ལོ་འགོ་ལས་སྒོར་ཁྲི་40397.51མང་དུ་ཕྱིན་པ་དང་ཡིད་རྟོན་སྤྲད་ཚད་ལོ་འགོ་ལས་དུད་ཚང་405ཡི་མང་དུ་སོང་ཡོད།
དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ།
རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་སྒྲིག་གཞིས་དངུལ་རྩའི་དྲ་ཚུགས་དང་། ཞབས་ཞུ། ཐོན་རྫས་བཅས་སྔར་བས་མང་བ་གཞི་རིམ་དང་། སྡེ་ཁུལ། ཕྲན་ཚེགས་ཁེ་ལས་བཅས་སུ་སྣུར་སྲིང་གིས“དངུལ་ཁང་བརྒྱ་ཁེ་ལས་ཁྲིར་བསྐྱོད་པའི”ལྗང་མདོག་བགྲོད་ལམ་བཙུགས་ཏེ་དངུལ་བུན་གཏོང་བར་སྟབས་བདེའི་ཞིབ་མཆན་འགོད་པའི་བརྒྱུད་རིམ་མཁོ་འདོན་གྱིས་སྔོན་ལ་ཞིབ་མཆན་འགོད་པ་དང་དུས་བཀག་ལྟར་ཞབས་འདེགས་ཞུས་ཡོད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི་དངུལ་ཁང་ཆེ་གྲས་ཁག་གིས་དྲ་ཐོག་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། དངུལ་ཁང་ཁག་གཅིག་གིས་དྲ་ཐོག་ཐོན་རྫས་བེད་སྤྱོད་གང་ལེགས་བྱེད་པ། དྲ་ཕྱིའི་ཐོན་རྫས་གསར་གཏོད་བྱེད་པ། “དྲ་སྦྲེལ་+ཡིད་རྟོན་དངུལ་བུན”གྱི་བྱེད་ཐབས་བརྒྱུད་ཕྲན་ཚེགས་ཁེ་ལས་ལ་སྟབས་བདེ་ཞིང་མྱུར་བའི་མ་དངུལ་བསྡུ་སྒྲིལ་ཐུབ་པར་བྱེད་པ། ཆ་རྐྱེན་འཛོམས་པའི་དྲ་ཐོག་ལས་སྒྲུབ་ཀྱི་ལས་སྒོའི་ལྷུ་ཚིགས་མངོན་འགྱུར་ཡོང་བར་བྱེད་པ། དྲ་ཐོག་ནས་སྒྲུབ་གང་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་དྲ་ཐོག་དང་དྲ་ཕྱི་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། ཕྲན་ཚེགས་ཁེ་ལས་མི་འདྲ་བའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་ནས་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེ་ཚད་སྔར་བས་ཆེ་རུ་བཏང་ཡོད།