
འདི་ནི་ཐང་ཕུའི་གཞུང་ལམ་སྐྲུན་ཡུལ་དུ་ཨར་ལས་མི་སྣས་གཞུང་ལམ་ཤར་གཏོང་ཐུབ་པའི་མཛད་སྒོའི་ཐོག་དྲན་རྟེན་འདྲ་པར་རྒྱག་བཞིན་པ།
ཉེ་དུས་ལྷུན་གྲུབ་རྫོང་གི་ཐང་ཕུའི་གཞུང་ལམ(ཐང་མགོ་ཤང་ནས་ཕུ་མདོ་ཤང་བར)གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་རེད། ཐང་ཕུའི་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཤང་གཉིས་པོའི་ལམ་ཐག་དེ་སྔའི་རླངས་འཁོར་གྱི་དུས་ཡུན་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་སྐར་མ་ཉི་ཤུའི་བར་ཐུང་དུ་ཕྱིན་ཏེ་ཤང་གཉིས་ཀྱི་མང་ཚོགས་དེ་སྔོན་ཐལ་རྡུལ་ཁྲོད་སྦག་སྦག་བཞོན་ནས་སྐྱོད་པའི་ལོ་རྒྱུས་མཇུག་འགྲིལ་ལ། མང་ཚོགས་ཀྱིས་གཡང་སར་ཐག་པ་དཔྱངས་ནས་འཛེགས་འབབ་ཀྱི་ལོ་རྒྱུས་ཀྱང་མཇུག་འགྲིལ་པས། དེ་ནི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ལམ་དང་། ཕྱུག་འགྱུར་ལམ། མཐུན་སྒྲིལ་ལམ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐང་ཕུའི་གཞུང་ལམ་2018ལོའི་ཟླ་3པར་བསྐྲུན་འགོ་ཚུགས་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་27ཡོད་པ་དེ་ནི་ཕུ་མདོ་ཆུ་བེད་ལྟེ་བའི་རགས་ཆེན་གྱི་ཤར་ངོགས་ནས་འགོ་བཙུགས་ཏེ་ཕུ་མདོ་ཤང་རི་ཕུ་གྲོང་ཚོ་དང་ཐང་འགོ་ཤང་ར་རྩ་གྲོང་ཚོ་སོགས་རང་བྱུང་གྲོང་ཚོ་ལྔ་བརྒྱུད་དགོས་ཏེ། མཐར་ར་སྒྲེང་དགོན་པའི་གཤམ་དུ་སླེབས་ཀྱི་ཡོད་པ་དང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་2.31བཏང་བ་དང་ལས་གྲྭ་དེ་ལམ་གཞི་དང་། འགོག་སྲུང་། ཆུ་འབུད། ཟམ་པ། ཕུག་ལམ། ལམ་ངོས། འགྲིམ་འགྲུལ་བདེ་འཇགས་སོགས་གཞུང་ལམ་ལས་གྲྭའི་རྣམ་གྲངས་ཚང་མར་ཁྱབ་ཡོད་པའི་ཁྲོད། K6+500-K8+500དུམ་བུའི་གཡང་ཟའི་བྲག་རྡོའི་ལམ་དུམ་བུ་དང་། ཟམ་འབྲིང་3 ཟམ་ཆེན་2 རི་ཕུ་ཕུག་ལམ་སོགས་ལམ་དུམ་བུ་མང་པོའི་ས་བབ་རྙོག་འཛིང་ཆེ་བའི་ཁར། ཕུ་མདོའི་ཆུ་མཛོད་དུ་ཆུ་གསོག་ཚད་མང་བ་སོགས་ས་གཤིས་ཁོར་ཡུག་གི་ཤུགས་རྐྱེན་ལས་ཨར་ལས་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ལ། དེ་ནི་རང་ལྗོངས་ཀྱི་ཕུག་ལམ་ཡོད་པའི་གྲོང་གསེབ་ཀྱི་གཞུང་ལམ་དང་པོ་ཡིན་པ་རེད།
“ཕྱུག་པོ་ཆགས་དགོས་ཚེ་སྔོན་ལ་ལམ་བཟོ་དགོས། གཞུང་ལམ་ཤར་གཏོང་ཐུབ་ཚེ་བྱ་གཞག་ཐམས་ཅད་དར་རྒྱས་ཡོང” ཐང་ཕུའི་གཞུང་ལམ་ཤར་གཏོང་ཐུབ་པ་དེར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ལ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་གྲོང་གསེབ་གཞུང་ལམ་གྱི་ནུས་པ་གལ་ཆེན་གང་ལེགས་མངོན་ཡོད།