ཀླད་པའི་ཁྲག་རྩའི་ནད་ཕོག་མྱོང་ཡོད་ན་སྤྱིར་བཏང་ནད་ལོག་རྒྱག་སྲིད། གནས་ཚུལ་སྤེལ་གཏོང་བྱས་པ་ལྟར་ན། ཀླད་པའི་ཁྲག་རྩའི་ནད་ལྗི་པོ་ཕོག་མཁན་སུམ་ཆ་གཅིག་ལ་ལོ་5ཡི་ནང་ནད་ལོག་རྒྱག་སྲིད། ཁྲག་དོན་པའི་རང་བཞིན་གྱི་ཀླད་པའི་ཁྲག་རྩའི་ནད་དེ་ཁྲག་དཀོན་པའི་རང་བཞིན་གྱི་ཀླད་པའི་ཁྲག་རྩའི་ནད་ལས་མང་བ་ཡོད། ཁྲག་རྩའི་ནད་ནད་ལོག་རྒྱག་ཚད་མཐོ་ཤོས་ནི་སྡོམ་དྲ་ཤ་སྐྱིའི་འོག་ནས་ཁྲག་དོན་པ་ཞིག་རེད། ཀླད་པའི་ཁྲག་རྩའི་ནད་ནད་ལོག་བརྒྱབ་ཚེ། སྨན་བཅོས་དེ་བས་བྱེད་དཀའ། ནད་པ་ཁ་ཤས་ནད་ལོག་ཡང་ཡང་བརྒྱབ་ནས་འཆི་སྲིད། དེར་བརྟེན་ཀླད་པའི་ཁྲག་རྩའི་ནད་ལ་མཚོན་ན་ནད་ལོག་མ་བརྒྱབ་སྔོན་འགོག་བྱེད་དགོས། སྨན་བཅོས་བྱས་ཏེ་ཐོན་སླ་བའི་རྒྱུ་རྐྱེན་ཁག་གཅིག་སྤྱིར་ན་སྐབས་ཤིག་ལ་ཚོད་འཛིན་ཐུབ་ཀྱང་། སྨན་བཅོས་རྒྱུན་འཁྱོངས་མ་བྱུང་བ་དང་ལྷོད་གཡེང་ཤོར་ན་ཁྲག་ཤེད་སྔར་བཞིན་མཐོ་རུ་འགྲོ་ངེས་ཡིན་པ་དང་། ཀླད་པའི་འཕར་རྩ་སྔར་བཞིན་མཁྲེགས་པོར་འགྱུར་བ་དང་། གཅིན་སྙིའི་ནད་དང་སྙིང་གི་ན་ཚ་སྔར་བཞིན་འབྱུང་སྲིད། དེ་དག་ནི་ཀླད་པའི་ཁྲག་རྩའི་ནད་ནད་ལོག་རྒྱག་པའི་ཉེན་ཁའི་རྒྱུ་རྐྱེན་རེད།
ཀླད་པའི་ཁྲག་རྩའི་ནད་ཡང་བསྐྱར་མ་ཐོན་སྔོན་འགོག་བྱེད་པར་གཤམ་གསལ་གྱི་གནད་དོན་ཁག་སྒྲུབ་དགོས་པ་སྟེ།
1 ནད་ལོག་རྒྱག་པའི་སྔ་ལྟས་ཀྱི་ནད་རྟགས་ལ་དོགས་ཟོན་བྱེད་པ།
ཀླད་པའི་ཁྲག་རྩའི་ནད་རྟགས་ཞི་ལྷོད་དུ་སོང་རྗེས། སླར་ཡང་མགོ་ན་བ་དང་། མགོ་ཡུ་འཁོར་བ། སྐད་ཆ་དིག་པོ། ལུས་པོའི་གཞོགས་ཀྱི་རྐང་ལག་སྦྲིད་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། ཕལ་ཆེར་ནད་ལོག་རྒྱག་གི་ཡོད་པས། དུས་ཐོག་ཏུ་སྨན་ཁང་དུ་་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས།
2 ནད་ལོག་རྒྱག་སྲིད་པའི་ནང་རྐྱེན་སེལ་བ།
ཀླད་པའི་ཁྲག་རྩའི་ནད་ནད་ལོག་རྒྱག་ཚུལ་དེ་ཐེངས་དང་པོར་ཐོན་པ་དང་འདྲ་བར་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་སྟེ། ཁྲག་ཤེད་ཀྱི་ནད་དང་། འཕར་རྩ་མཁྲེགས་འགྱུར། སྙིང་གི་ན་ཚ། གཅིན་སྙི་ཟགས་ཁུའི་ནད། ཁྲག་གར་བའི་ནད་རྟགས་སོགས་ལྟ་བུ་ཡིན་པས་སྨན་བཅོས་ཡག་པོ་བྱེད་དགོས། ལྷག་པར་དུ་ཁྲག་ཤེད་མཐོ་བའི་ནད་པར་མི་བདེ་བའི་ནད་རྟགས་ཡོད་མེད་གང་ཡིན་ཡང་། ཡུན་རིང་པོར་སྨན་བཅོས་ཚད་ལྡན་རྒྱུན་འཁྱོངས་བྱས་ཏེ་རྒྱུན་གཏན་གྱི་ཁྱབ་ཁོངས་སུ་ཁྲག་ཤེད་ཚོད་འཛིན་བྱེད་དགོས།
3 ནད་ལོག་རྒྱག་སྲིད་པའི་རྒྱུ་རྐྱེན་ལ་འཛེམ་པ།
རླུང་ལང་བདེ་བ་དང་། ཐང་ཆད་པ། གནམ་གཤིས་ཀྱི་འགྱུར་ལྡོག ཆང་རག་དང་ཐ་མག་འཐེན་དྲགས་པ་སོགས་ནི་ཀླད་པའི་ཁྲག་རྩའི་ནད་ཐོན་སྲིད་པའི་ཕྱི་རྐྱེན་ཡིན་པས་འཛེམ་ཟོན་བྱེད་དགོས། སྤྲོ་སྣང་དང་བག་ཕེབས་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངལ་དུབ་ཆེ་དྲགས་མི་རུང་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ཆེན་པོ་སོགས་ཕྱི་རོལ་གྱི་ཁོར་ཡུག་ཤུགས་རྐྱེན་ལ་དོ་སྣང་བྱེད་དགོས།
4 ཚུལ་མཐུན་གྱི་བཟའ་བཏུང་གོམས་གཤིས་འཇགས་པར་བྱེད་པ།
ཟས་ཀྱི་འཚོ་བཅུད་ལ་དོ་སྣང་བྱས་ཏེ་ཚན་རིག་དང་མཐུན་ལ་ཚུལ་མཐུན་གྱིས་བཟའ་བཏུང་བྱེད་དགོས། ཟས་ཚོད་རན་པོ་དགོས་པ་ལས་རྒྱགས་དྲགས་པ་དང་ལྟོགས་དྲགས་རྒྱུ་མེད། ཐ་མག་དང་ཆང་རག་སོགས་དགའ་ཕྱོགས་ངན་པ་སྤོང་དགོས།
5 སྨན་ལ་བརྟེན་ནས་སྨན་བཅོས་བྱེད་པའི་ཐོག་ལུས་སྦྱོང་ཧུར་ཐག་བྱེད་པ།
ཀླད་པའི་ཁྲག་རྩའི་ནད་དྲག་སྐྱེད་ཡོང་སྐབས། སྨན་པའི་ངག་བཞིན་དུ་ཁྲག་ལེབ་འདུ་དྲིལ་འགོག་སྨན་དང་ཁྲག་འགག་སེལ་བའི་ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་ཉུང་ཙམ་ཟ་དགོས་པ་སྟེ། ཕན་ཧྲེང་ཏིང་དང་། ཁྲང་རུང་ཨ་སི་ཕི་ལིན། ཧྥུ་ཧྥང་ཏན་ཧྲེན་ལྟ་བུ་ཟོས་ནས་ཁྲག་ལེབ་འདུ་དྲིལ་ཉུང་གཏོང་དང་རྒྱུན་གཏན་གྱི་ཁྲག་རྒྱུག་ཚད་མྱུར་དུ་གཏོང་དགོས། དེ་དང་དུས་མཚུངས་སུ་རང་ངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ལུས་སྦྱོང་འོས་འཚམ་བྱས་ཏེ་གཟུགས་པོ་ཇེ་ལེགས་སུ་འགྲོ་བར་དགོས།
རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།
ཀླད་པའི་ཁྲག་རྩའི་ནད་ནད་ལོག་བརྒྱབ་རྗེས་ཐེངས་དང་པོར་ཐོན་པའི་ནད་རྟགས་དང་གཅིག་པ་ཡིན་པ་དཔེར་ན། མགོ་ན་བ་དང་། མགོ་ཡུ་འཁོར་བ། མཐོང་ལམ་རབ་རིབ། སྐད་ཆ་དིག་པོ། ལུས་ཕྱེད་ཞ་འཁུམ་སོགས་ཐོན་སྲིད། ཀླད་པའི་ཁྲག་རྩའི་ནད་ནད་ལོག་རྒྱག་པའི་གནད་དོན་ལ་དོ་སྣང་བྱེད་དགོས། དྲག་སྐྱེད་ཡོང་སྐབས་དྲག་སྐྱེད་ཀྱི་བྱེད་ཐབས་ལ་བསྟེན་དགོས་ཁར། ད་དུང་དང་ཐོག་གི་ནད་གཞི་བཅོས་རྒྱུར་དོ་སྣང་བྱས་ཏེ་ཀླད་པའི་ཁྲག་རྩའི་ནད་ནད་ལོག་མ་བརྒྱབ་སྔོན་འགོག་བྱེད་དགོས།