དབུ་ཤོག>གསར་འགྱུར།
  • ན་ཅིང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་སྒྲིལ་འབྱོར་འབྲིང་ཕྱོགས་སུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-05

    ཉེ་དུས། 《ནན་ཅིང་ནས་མལ་གྲོའི་གཏམ་རྒྱུད་གླེང》ཞེས་པའི་སྐབས་གཉིས་པའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད·ནན་ཅིང་དང་མལ་གྲོའི་སྤེལ་རེས་གཟའ་འཁོར”ཞེས་པའི་བྱེད་སྒོ་ནན་ཅིང་དུ་སྤེལ་བ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་ཐད་གཏོང་འབྲེལ་མཐུད་བརྒྱུད། ས་གནས་ས་ཐོག་ཏུ་ཡོད་པའི་ལྟད་མོ་བ་ཚོས་ཡན་ལག་ཚོགས་ར་ནས་མལ་གྲོ་གུང་དཀར་རྫོང་གི“ཤིས་ཆའོ་འདུ་འགོད”ལག་བསྟར་བྱས་རྗེས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་འགྲོ་འོང་ཐད་སྟབས་བདེ་བསྐྲུན་པ་མིག་མཐོང་ལག་ཟིན་བྱུང་བས། ཚང་མས་བོད་སྐྱོར་ལས་དོན་ཚོགས་ཆུང་ལ་བསྔགས་བརྗོད་ཆེན་པོ་བྱས།

    “སྐལ་བཟང་མེ་ཏོག་རབ་ཏུ་བཞད·ནན་ཅིང་དང་མལ་གྲོའི་སྤེལ་རེས་གཟའ་འཁོར”གྱི་བྱེད་སྒོ་སྐབས་དང་པོ་དང་བསྡུར་ཚེ། སྐབས་གཉིས་པའི་བྱེད་སྒོའི་ནང་དོན་དང་རྣམ་པ་དེ་བས་ཕུན་སུམ་ཚོགས་པ་ཡོད་ཅིང་། སྐབས་དང་པོའི་སློབ་གྲྭ་ཆེ་མོ་བའི་དམིགས་བསལ་སྦྱོང་བརྡར་སྒར་ས་དང་། ཡུལ་སྐོར་འོས་སྦྱོར། ཞིང་འབྲོག་མང་ཚོགས་ཚོས་ནན་ཅིང་ལ་བལྟ་བ། གཅེས་སེམས་དང་སྤྱི་ཕན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག ནན་ཅིང་དང་མལ་གྲོའི་དབར་གྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་པོའི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མལ་གྲོའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཤེས་ལྡན་མི་སྣའི་འཇུར་མིག་ལས་ཚད་བརྒལ་ཡོང་བ་བཅས་བྱ་ཆེད། “ནན་ཅིང་དང་མལ་གྲོའི་དབར་གྱི་བརྩེ་སེམས་ལ་བརྟེན་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི”མལ་གྲོ་གུང་དཀར་རྫོང་གི་ཏང་སྲིད་ལས་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་བྱང་ཚད་མཐོར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་ནན་ཅིང་གྲོང་ཁྱེར་ཤིས་ཞ་ཆུས་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།

    རིག་གནས་ནི་སེམས་ཁམས་གཅིག་ཏུ་སྦྲེལ་བའི་ཟམ་པ་ལྟ་བུ་དང་མངོན་མིན་རིག་གནས་ཤུལ་བཞག་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ལོ་རྒྱུས་རིག་གནས་གྲུབ་འབྲས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ནན་ཅིང་དང་མལ་གྲོས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། མལ་གྲོའི་མངོན་མིན་རིག་གནས་ཤུལ་བཞག་དེ་བས་མང་བ་ཁྲོམ་རར་འདོན་པ། མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བཅས་བྱ་ཆེད། མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ཁག་དགུ་པའི་ལས་དོན་ཚོགས་ཆུང་གི་སྐུལ་འདེད་འོག་གནམ་མཐའི་ཕ་ཡུལ། བོད་བཟོའི་འཚོ་བའི་འགྲེམས་ཁང་དེ་ནན་ཅིང་གྲོང་ཁྱེར་ཆིན་ཧོའེ་ཆུས་ཕི་ཕཱ་ཁྲོམ་གཞུང་དུ་སྒོ་ཕྱེ་ཡོད།

    མལ་གྲོའི་ཉམས་འགྱུར་ལྡན་པའི་བོད་བཟོའི་འཚོ་བའི་འགྲེམས་ཁང་དེས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུགས་ཤིང་། འགྲེམས་ཁང་ནང་གྲལ་སྟར་འགྲིག་པོས་བཤམས་པའི་བོད་རིགས་ཀྱི་ཆ་སྒམ་དང་། ཉལ་ཁྲི། ཤིང་སྡེར། ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་བརྩམས་ཆོས་དང་རིག་གནས་གསར་གཏོད་སྣུར་སྲིང་ཐོན་རྫས་བཅས་ཚོན་མདངས་རབ་ཏུ་བཀྲ་བ་དང་གནའ་ཉམས་དོད་ལ་བབ་ཆགས་པའི་ཉམས་འགྱུར་ལྡན་པ་ལས། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཚོ་བའི་ཞིབ་ཆ་ཇི་མ་ཇི་བཞིན་མངོན་ཡོད།

    འཚོ་བའི་འགྲེམས་ཁང་དུ་ནན་ཅིང་དང་མལ་གྲོའི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི“ནན་ཅིང་དང་མལ་གྲོའི་གླེང་མོལ”ཁྲོད་རང་སོ་སོའི་འདོད་ཚུལ་ལྷུག་པོར་གླེང་བ་རེད།

    “ཆིན་ཧོའེ་གཙང་པོའི་ངོགས་ཀྱི་ལྒང་བཞུའི་སྒྱུ་འཕྲུལ་བ”ཞེས་གྲགས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཆིན་ཧོའེ་ལྒང་བཞུའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀུའུ་ཡེ་ལེང་གིས་དུས་རབས་20པའི་ལོ་རབས་80པར་ལྒང་བཞུའི་སྒྱུ་རྩལ་པ་རྒན་གྲས་ལི་ཀུའེ་ཧྲེང་སོགས་དགེ་རྒན་ལ་བསྟེན་པ་དང་། འདི་ལོ་ལོ་58ལ་སླེབས་པའི་ཁོང་གིས་ལོ་8ནས་བཟུང་ཕ་མེས་ཀྱི་རྗེས་སུ་འབྲངས་ནས་ལྒང་བཞུ་བཟོ་སྟངས་སྦྱངས་ཡོད།

    ནན་ཅིང་གི་མཛེས་སྡུག་ལྡན་པའི་ལྒང་བཞུ་རྒྱལ་ཁབ་52ལ་འགྲེམས་སྟོན་བྱེད་མྱོང་བའི་ཁོང་གིས“ཆིན་ཧོའེ་ཡི་ལྒང་བཞུའི་འགྲེམས་སྟོན་ལ་ལོ་ངོ་1700ལྷག་ཙམ་གྱི་རྒྱུན་འཛིན་ལོ་རྒྱུས་ལྡན་ཞིང་། རིག་གནས་གསར་གཏོད་ཐོན་རྫས་ཀྱི་མེ་ཏོག་པད་མའི་ལྒང་བཞུ་འདི་ཁོ་ན་ཉིན་རེར་2ལས་བཟོ་ཐུབ་ཀྱི་མེད། འདབ་མ་ཚང་མ་ལག་པས་བཟོ་གི་ཡོད་པས། ལས་རིམ་62ཙམ་བརྒྱུད་དགོས་ཀྱི་ཡོད་ལ། མེ་ཏོག་རེ་རེ་བཟོ་བར་ཡང་འབྲེག་པ་དང་ཚོས་རྒྱག་པ་སོགས་ལས་རིམ་མང་པོ་བརྒྱུད་དགོས་ཀྱི་ཡོད། མིག་སྔར་ང་ཚོའི་ཆིན་ཧོའེ་ལྒང་བཞུའི་ཐོན་རྫས་བསྡོམས་300ལྷག་ཙམ་ཡོད། ངས་སྲོལ་རྒྱུན་རིག་གནས་འདིའི་རིགས་མལ་གྲོ་གུང་དཀར་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་མཐུད་བྱས་ནས་སློབ་གྲྭ་དང་། ཁྲོམ་ར། འཚོ་བ་བཅས་སུ་ཁྱབ་གདལ་བཏང་སྟེ་ལྷ་སའི་ལས་རིགས་གཅིག་པ་ཚོ་དང་འབྲེལ་བ་དམ་ཟབ་ཡོང་རེ་བྱེད་ཀྱི་ཡོད”ཅེས་བརྗོད།

    ས་གནས་ས་ཐོག་ཏུ་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་ས་གནས་གཉིས་པོའི་རིག་གནས་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། ས་གནས་གཉིས་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་རྒྱུར་སྐུལ་འདེད་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། མཛད་སྒོའི་ཐོག་ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་མཉམ་གཉེར་བའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་མཉམ་གཉེར་བར་ལག་ཁྱེར་ཡང་སྤྲད་པ་རེད། ཚང་མས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཕན་པ་ཆེན་པོ་ཐོབ་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། མཉམ་འདྲེས། འཕེལ་རྒྱས་བཅས་ཡག་པོ་བྱ་རྒྱུར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    བོད་བཟོའི་འཚོ་བའི་འགྲེམས་ཁང་དུ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཁྱོན་300ལྷག་ཙམ་བཤམས་ཡོད། དེའི་ནང་སྒྲིག་ཆས་121དང་། ལག་གདུབ་སོགས་རྒྱན་ཆ་98དང་། བོད་བཟོའི་ཆ་སྒམ་23 བོད་བཟོའི་ཁ་གདན་7 རྒྱ་གར་ཞྭ་མོ་20 ཐང་ག་28 རིག་གནས་བསམ་བཀོད་ཀྱི་ཐོན་རྫས་17བཅས་ཡོད་པ་དང་། འཚོ་བའི་འགྲེམས་ཁང་ནང་ད་དུང་ཐོན་རྫས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་མང་དུ་གཏོང་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི“སྐལ་བཟང་མེ་ཏོག་རབ་ཏུ་བཞད·ནན་ཅིང་དང་མལ་གྲོའི་སྤེལ་རེས་གཟའ་འཁོར”གྱིས་བརྙན་འཕྲིན་ཐད་གཏོང་ཆེ་གྲས་དང་དྲ་ཕྱིའི་འགྲེམས་ཚོང་ལ་བརྟེན་ནས་ཚོང་ཟོག་འཚོང་བ་དང་ཆེད་དོན་འགྲེམས་སྟོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། “སྐལ་བཟང་མེ་ཏོག་རབ་ཏུ་བཞད”ཅེས་པའི་ས་མཐོའི་ཐད་གཏོང་ཁང་ཐེངས་དང་པོ་བཙུགས་པ་སྟེ། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཆེ་གྲས་ཁག་དང་ཐད་གཏོང་ལས་སྟེགས་དང་མཉམ་འགུལ་བྱས་པ་དང་། ས་མཐོའི་ཐད་གཏོང་ཁང་གིས་ནན་ཅིང་དུ་ཉིན་གསུམ་བསྟུད་མར་ཚོང་ཟོག་བཙོངས་པས། ནན་ཅིང་བོད་སྐྱོར་གྱིས་ནན་ཅིང་དུ་བཙུགས་པའི་བོད་ཀྱི་ས་གཙང་ཐོན་རྫས་འགྲེམས་ཚོང་ལྟེ་གནས་ཕུད་པའི་ཡུན་རིང་གཉེར་སྐྱོང་གི་ཚོང་ཟོག་འཚོང་བའི་ལས་སྟེགས་གཞན་ཞིག་ཏུ་གྱུར་ཡོད། དབུལ་སྐྱོར་ཐོན་རྫས་ཀྱི“མལ་གྲོའི་སྣུམ”ཐོག་མར་ནང་སར་འགྲེམས་སྤེལ་བྱས་པ་དང“མཁའ་དབྱིངས་ཀྱི་མལ་གྲོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཐོག“མལ་གྲོའི་སྣུམ”བྲིན་འཚོང་ཐོག་མར་བྱས་ཏེ། “མཁའ་དབྱིངས་ཀྱི་ཕྱག་རྟགས·མལ་གྲོའི་ལྷད་མེད་ཐོན་རྫས”ཀྱི་གཟུགས་བརྙན་གསར་པ་བཏོད་ཡོད།

    ས་མཐོའི་ཐད་གཏོང་ཁང་ནས་ས་མཐོའི་རི་ཀླུང་གཙང་མ་ལས་ཐོན་པའི་ཚགས་ཤ་དང་། པད་སྣུམ། ཤ་རྗེན་བཅས་ཁྱབ་གདལ་བཏང་ཡོད། དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་བྱེད་སྟངས་བརྒྱུད་པད་སྣུམ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་350ལྷག་ཙམ་ཟིན་ཡོད།

    མལ་གྲོ་གུང་དཀར་རྫོང་དུ་ཡོང་མཁན་ནན་ཅིང་གི་གྲོང་མི་ཚོས་མལ་གྲོ་གུང་དཀར་ལ་རྒྱུས་མངའ་སྔར་བས་གཏིང་ཟབ་དང་། ཞིབ་ཕྲ། ཕྱོགས་ཡོངས་བཅས་ཡོང་བ་བྱ་ཆེད། དམིགས་སུ་ཡུལ་སྐོར་ལམ་ཐིག་རྩེ་གྲ་4བཏོད་པ་དང་། ཡུལ་སྐོར་བས་གཉེན་ཉེ་ཐུག་འཕྲད་ཀྱི་གཱ་ལ་བརྟེན་ནས་དེ་དང་འབྲེལ་བ་ཡོད་པའི་མལ་གྲོ་གུང་དཀར་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད།

    “ནན་ཅིང་དང་མལ་གྲོའི་བརྩེ་སེམས·འབྱོར་འབྲིང་ཕྱོགས་སུ་སྐྱོད”ཅེས་པའི་སྐབས་གཉིས་པའི་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ནན་ཅིང་ལ་ལྟ་སྐོར་དུ་སྐྱོད་པའི་འདི་ལོའི་བྱེད་སྒོ་སྤེལ་རིང་། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་15ཡིས་ཆིན་ཧོའེ་ཆུས་ཧྥུའུ་ཙི་ལྷ་ཁང་དང་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་སོགས་རིག་གནས་ཀྱི་ས་ཁམས་མཚོན་རྟགས་དང་སྔོན་ཐོན་དཔེ་སྟོན་ས་ཚིགས་ལ་ལྟ་སྐོར་བྱས་པ་རེད། ཕ་ཡུལ་དུ་ལོག་རྗེས་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མིས་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ(གྲོང་ལྷན)41ལ་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་རེད།

     འདི་ནི“ནན་ཅིང་ནས་མལ་གྲོའི་གཏམ་རྒྱུད་གླེང”ཞེས་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི《ནན་ཅིང་ནས་མལ་གྲོའི་གཏམ་རྒྱུད་གླེང》ཞེས་པའི་སྐབས་གཉིས་པའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད·ནན་ཅིང་དང་མལ་གྲོའི་སྤེལ་རེས་གཟའ་འཁོར”ཞེས་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་ནན་ཅིང་དང་མལ་གྲོས་མངོན་མིན་རིག་གནས་ཤུལ་བཞག་མཉམ་འདྲེས་འཁྲབ་སྟོན་གྱི་གླུ་གར《སྐལ་བཟང་མེ་ཏོག་དང་མེ་ཏོག་མོ་ལི་ཡི་དྲི་ཞིམ་མཉམ་དུ་འཐུལ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

     འདི་ནི་ནན་ཅིང་གི་གྲོང་མིས“མཁའ་དབྱིངས་ཀྱི་རིག་གནས་བསམ་བཀོད”ཅེས་པའི་འགྲེམས་ཁུལ་ནས་ཐོན་རྫས་ཉོ་བཞིན་པ།

    འདི་ནི་གྲོང་མིས“ནན་ཅིང་ནས་མལ་གྲོའི་གཏམ་རྒྱུད་གླེང”ཞེས་པའི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ་གཉེན་འཕྲད་ལག་ཁྱེར་ལེན་བཞིན་པ།

     འདི་ནི་ནན་ཅིང་དང་མལ་གྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་གི“ནན་ཅིང་དང་མལ་གྲོའི་གླེང་མོལ”ཁྲོད་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོར་གླེང་བཞིན་པ།

     འདི་ནི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མིས་ནན་ཅིང་གི་དཔོན་རྒྱུགས་ཨང་དང་པོ་ལེན་མཁན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།