
འདི་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཚན་རྩལ་ལས་དོན་པ་སྔོ་ཚལ་དྲོད་ཁང་ཆེ་མོར་བསྐྱོད་དེ་ནད་འབུའི་གནོད་འཚེར་བརྟག་ཞིབ་བྱེད་བཞིན་པ།
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྔོ་ལྗང་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱི་་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་སྤུས་ཚད་ཀྱི་ཚད་གཞི་དང་ཞིབ་དཔྱད་ཚད་ལེན་ཞིབ་འཇུག་སུའོ(གཤམ་ལ“ལྗོངས་ཞིང་འབྲོག་ཚན་རིག་ཁང་སྤུས་ཚད་ཚད་གཞི་སུའོ”ཞེས་བསྡུ་རྒྱུ)ཡིས་སྣེ་ཁྲིད་དེ་ཞིབ་འཇུག་བྱས་ནས་བཟོས་པའི《བོད་ལྗོངས་ས་ཁུལ་གྱི་སྔོ་ལྗང་བཟའ་བཅའི་དཔྱིད་ནས་ཐོན་སྐྱེད་བཀོལ་སྤྱོད་སྒྲིག་སྲོལ》དང《མཚོ་བོད་ས་མཐོའི་སྔོ་ལྗང་བཟའ་བཅའི་འབྲི་གཡག་གསོ་ཚགས་སྒྲིག་སྒྲོལ》ཏེ། ཞིང་ལས་ལས་རིགས་ཀྱི་ཚད་གཞི་ཁག་གཉིས་ལྗོངས་ཕྱི་ནང་གི་ནས་དང་འབྲི་གཡག་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ད་ཆ་ཕུན་སུམ་ཚོཌ་པོའི་ངང་ལེགས་གྲུབ་བྱུང་བ་མ་ཟད། འདི་ལོའི་ཟླ་8ཚེས་20ཉིན་ཀྲུང་གོ་སྔོ་ལྗང་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པ་དང་། འདི་ལོའི་ཟླ་11ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།
གོང་གསལ་གྱི་ཚད་གཞི་ཁག་གཉིས་ནི་འོས་སྦྱོར་རང་བཞིན་གྱི་ཚད་གཞི་ཡིན་ཞིང་། 《བོད་ལྗོངས་ས་ཁུལ་གྱི་སྔོ་ལྗང་བཟའ་བཅའི་དཔྱིད་ནས་ཐོན་སྐྱེད་བཀོལ་སྤྱོད་སྒྲིག་སྲོལ》ནི་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྤུས་ཚད་སུའོ་དང་། ཀྲུང་གོ་སྔོ་ལྗང་བཟའ་བཅའ་འཕེལ་རྒྱས་ལྟེ་གནས། རང་སྐྱོང་ལྗོངས་སྔོ་ལྗང་བཟའ་བཅའ་གཞུང་དོན་ཁང་སོགས་ལྗོངས་ཕྱི་ནང་གི་ཚན་པ་5མཉམ་དུ་ཞུགས་ནས་བཟོས་པ་ཞིག་རེད། ཚད་གཞི་དེའི་དམིགས་ཡུལ་ནི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་པ་དང་། ཞིང་ཆུ་གནད་སྨིན་འདྲེན་པ། ལུད་ལུགས་མཐུན་རྒྱག་པ། ནད་འབུའི་གནོད་འཚེ་སྔོན་འགོག ཞིང་ལས་ཐོན་སྐྱེད་ཀྱི་བེད་མེད་དངོས་པོ་ཐག་གཅོད་ཚད་ལྡན་བྱེད་པ་སོགས་ཀྱི་ཐོན་སྐྱེད་ལྷུ་ཚིགས་ལ་ཁྲིད་སྟོན་བྱ་རྒྱུ་རེད། རང་ལྗོངས་ཀྱི་ནས་ཐོན་ལས་སྔོ་ལྗང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན། དེར་དོན་སྙིང་གལ་ཆེན་ལྡན་ཡོད། 《མཚོ་བོད་ས་མཐོའི་སྔོ་ལྗང་བཟའ་བཅའི་འབྲི་གཡག་གསོ་ཚགས་སྒྲིག་སྒྲོལ》གྱི་ཚད་གཞི་ནི་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྤུས་ཚད་སུའོ་དང་། ཀྲུང་གོ་བཟའ་བཅའ་འཕེལ་རྒྱས་ལྟེ་གནས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་སློབ་གླིང་སོགས་ལྗོངས་ཕྱི་ནང་གི་ཚན་པ་8མཉམ་དུ་ཞུགས་ནས་བཟོས་པ་ཞིག་རེད། ཚད་གཞི་དེའི་ནང་མཚོ་བོད་ས་མཐོའི་བཟའ་བཅའ་དང་འབྲི་གཡག་གསོ་ཚགས་བྱ་ཡུལ་གྱི་ཁོར་ཡུག་དང་། བ་ར་འཛུགས་སྐྲུན། སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར། སོན་བཟང་ནང་འདྲེན། སྤྱོད་རྫས་བེད་སྤྱོད། གསོ་ཚགས་དོ་དམ། རྒྱུད་འདྲེན། བེད་མེད་དངོས་པོ་ཐག་གཅོད་དང་བེད་སྤྱོད། ཡིག་ཚགས་ཟིན་འགོད་སོགས་ལྷུ་ཚིགས་ཁག་གི་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་གཏན་འབེབས་བྱས་ཡོད། ཚགས་ཤའི་སྤུས་ཚད་ལེགས་སུ་གཏོང་བ་དང་། འབྲི་གཡག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྔར་བས་གསར་སྤེལ་དང་བེད་སྤྱོད་མགྱོགས་སུ་གཏོང་བ། མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་རྟགས་གཏོད་པ་སོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་དང་ལག་རྩལ་གྱི་འདེཌ་སྐྱོར་མཁོ་འདོན་བྱས་ནས། རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་ཐོན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།