ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་སྐབས། རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད་པ་རེད།
ཀུ་ཐེ་ལེ་སིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅོ་ལྔ་པའི་ཉིན་དང་པོའི་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་དེའི་ཞིབ་དཔྱད་ཚད་ལེན་དང་སྨན་བཅོས་བྱ་ཐབས་ལ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་ཡོངས་ཁྱབ་ངང་ཁས་ལེན་བྱས་པས་ངར་བློ་སྟོབས་འཕེལ་བྱུང་། ངས་སླར་ཡང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས“གོ་ལ་ཧྲིལ་པོས་མཉམ་ལས་བྱས་ཏེ་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཡོ་བྱད་གསར་པ་གསར་སྤེལ་དང་། ཐོན་སྐྱེད། དྲང་གཞག་ངང་ཐོབ་པ་བཅས་མགྱོགས་སུ་གཏོང་བའི་གྲོས་འགོ”དང་དེ་བཞིན“ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར”ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་མིག་སྔའི་ཨ་སྒོར་དུང་ཕྱུར་280ཡི་མ་དངུལ་གྱི་སྟོང་ཆ་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་བའི་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་། ཉོ་སྒྲུབ། སྡེབ་སྐྱེལ་བཅས་ཐད་སྤྱོད་རྒྱུར་འཕྲལ་མཁོ་ཆེ་བའི་ཨ་སྒོར་དུང་ཕྱུར་42ཀྱི་སྟོང་ཆ་གང་མགྱོགས་གསབ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཀུ་ཐེ་ལེ་སིས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐོན་ཁུངས་སྐོང་འཐེན་བྱས་ཏེ་རིམས་ནད་རྗེས་ཀྱི་སླར་གསོ་ཡོང་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་བའི་ཐད་ཀྱི་འགོ་ཁྲིད་ནུས་པ་དེ་བས་གལ་ཆེན་པོ་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་གཞན་དག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་གང་ཐུབ་བྱེད་དགོས་པ་དེའི་ནང་དམིགས་བསལ་དངུལ་ལེན་དབང་ཆ་གསར་པ་འགྲེམས་སྤེལ་དང་བེད་སྤྱོད་བྱས་མེད་པའི་དམིགས་བསལ་དངུལ་ལེན་དབང་ཆ་བསྐྱར་དུ་བགོ་བཤའ་རྒྱག་པ་སོགས་ཚུད་ཡོད། གཞན་ཡང་རྒྱལ་ཁབ་ཉི་ཤུ་ཚོགས་པས་འབྲེལ་ཡོད་བུ་ལོན་གྱི་གྲོས་འགོའི་སྤྱད་འཐུས་ཁྱབ་ཁོངས་དེ་ཉམས་ཞན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་རྒྱ་སྐྱེད་གཏོང་དགོས་པ་དང་དེའི་ནང་དགོས་མཁོ་ཡོད་པའི་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཚུད་ཡོད་ཅེས་བརྗོད།
ཀུ་ཐེ་ལེ་སིས། བསྟུན་མཁས་དང་། རྒྱུན་མཐུད། མཉེན་ཆ་བཅས་ལྡན་པའི་རིམས་ནད་རྗེས་ཀྱི་འཛམ་གླིང་ཞིག་བསྐྲུན་ཆེད། སྤྱི་པའི་གཏོང་སྒོ་དེ་ངེས་པར་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་ཞེས་བརྗོད་ཅིང་། ཁོང་གིས་ད་དུང་རྒྱལ་ཁབ་ཁག་ལ་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་པ་བྱས་ཏེ“ང་ཚོས་ཕ་ཚ་བུ་རྒྱུད་ཀྱི་ས་ནས་གཡར་བ”དེ་རིམས་ནད་རྗེས་ཀྱི་སླར་གསོའི་ཐད་སྤྱོད་པའི་ཨ་སྒོར་དུང་ཕྱུར་ཁྲི་ཕྲག་གིས་ཕ་ཚ་བུ་རྒྱུད་ལ“རི་ལྟར་ཐེག་དཀའ་བའི་བུ་ལོན”དུ་མི་འགྱུར་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།