དབུ་ཤོག>གསར་འགྱུར།
  • རིམས་འགོག་སྨན་ཁབ་སྤྱད་ནས་ཏོག་གསར་གློ་ཚད་རིམས་ནད་མཇུག་འགྲིལ་བར་རེ་བ་ཆེན་པོ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-11-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཏོག་གསར་གློ་ཚད་ཀྱི་གདམ་བྱའི་རིམས་འགོག་སྨན་ཁབ་མང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཐད་འཕེལ་རིམ་གསར་པ་ཐོན་ཡོད། ཉེ་ཆར་གསར་འགོད་པའི་ཚོགས་འདུའི་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། རིམས་འགོག་སྨན་ཁབ་སྤྱོད་པ་དང་དེ་མིན་ཚོད་ལྟ་བྱས་ནས་ཕན་ནུས་ཐོན་པ་ར་འཕྲོད་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་བྱེད་ཐབས་གཞན་དག་ཟུང་འབྲེལ་གྱིས་རིམས་ནད་མཇུག་འགྲིལ་རྒྱུར། “ད་ཆ་རེ་བ་ཆེན་པོ་ཡོད”ཅེས་བརྗོད།

    གསར་འགོད་པའི་ཚོགས་འདུའི་ཐོག་ཐན་ཏེ་སའེ་ཡིས། གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་བཟོའི་ཐད་ཐོབ་པའི་ཚན་རིག་གི་གྲུབ་འབྲས་གལ་ཆེའི་སྐོར་ལ“ནན་བཤད་ཇི་ཙམ་བྱས་ཀྱང་ཐལ་དྲགས་མེད” དེ་ཞིབ་བཟོ་བྱེད་ཚད་མགྱོགས་པ་ནི་རིམས་འགོག་སྨན་ཁབ་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བ་ཞིག་ཡིན་ལ། ཚན་རིག་ལས་རིགས་ཧྲིལ་པོས་རིམས་འགོག་སྨན་ཁབ་ཞིབ་བཟོའི་ཐད་ཚད་གཞི་གསར་རྐྱང་ཞིག་བཏོད་ཡོད་ཅེས་བརྗོད།

    ད་དུང་ཐན་ཏེ་སའེ་ཡིས། རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། དེང་སྐབས་ཨ་སྒོར་དུང་ཕྱུར་43བཏང་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་། བརྟག་དཔྱད་སྒྲིག་ཆས། བཅོས་ཐབས་བཅས་ཀྱི་ཕྱོཌ་ལ་གཞི་ཁྱོན་ཆེན་པོའི་ཉོ་སྒྲུབ་དང་དངུལ་སྤྲད་ནས་རྒྱབ་སྐྱོར་བྱེད་དགོས། སང་ལོར་ད་དུང་ཨ་སྒོར་དུང་ཕྱུར་238དགོས་ཀྱི་ཡོད་ཅེས་བརྗོད་ཅིང་། ཁོང་གིས། འདི་ནི་དགེ་སྒྲུབ་བྱ་བ་ཞིག་མིན་པར་གོ་ལ་ཧྲིལ་པོའི་རིམས་ནད་མཇུག་སྒྲིལ་བ་དང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་མ་གཏོང་བའི་མགྱོགས་ཤོས་དང་བཟང་ཤོས་ཀྱི་ཐབས་ལམ་ཡིན་ཞེས་བརྗོད།

    ཐན་ཏེ་སའེ་ཡིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི་COVAXགོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་འཆར་གཞིའི་ནང་མིག་སྔར་རྒྱལ་ཁབ་187ཞུགས་ཡོད། མ་འོངས་པར་རིམས་འགོག་སྨན་ཁབ་ཉོ་སྒྲུབ་དང་ཁྱབ་གདལ་གྱི་མཉམ་ལས་ནང་རྒྱལ་ཁབ་ཡོངས་ལ་རིན་གོང་དང་། གྲངས་འབོར། དུས་ཚོད་བཅས་ཡག་ཤོས་ཀྱི་ཐོག་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རག་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།