དབུ་ཤོག
  • སྙིང་གཟེར་རྒྱག་མཁན་ནད་པས་མྱུར་སྐྱོབ་སྨན་སྒམ་གྲ་སྒྲིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-23

    སྙིང་གཟེར་ནད་གློ་བུར་དུ་ལངས་སྲིད་པས་སྙིང་གཟེར་ཕོག་མཁན་གྱི་ཁྱིམ་དུ་ཡག་ཤོས་བྱུང་ན་ཆེད་སྤྱོད་སྨན་སྒམ་གྲ་སྒྲིག་བྱེད་དགོས།

    སྤྱིར་ན། སྨན་སྒམ་ནང་དུ་མྱུར་ཕན་ཟེ་ཚྭ་སྐྱུར་མོའི་མངར་སྣུམ་སྨན་དང་སྙིང་གཟེར་འཇགས་སྨན་སོགས་གྲ་སྒྲིག་བྱེད་དགོས། སྙིང་ལ་ཟུག་གཟེར་རྒྱག་སྐབས་ལམ་སེང་ཟེ་ཚྭ་སྐྱུར་མོའི་མངར་སྣུམ་སྨན་ལྕེ་འོག་ཏུ་ཉར་ཚེ་སྙིང་གི་ཐེག་ཚད་ཇེ་ཡང་དུ་སོང་ནས་སྙིང་གཟེར་འཇགས་ཐུབ། སྙིང་གཟེར་དྲག་པོ་རྒྱག་དུས་སྙིང་གཟེར་འཇགས་སྨན་གཏོང་ཆོག ཐེངས་གཅིག་ལ་རིལ་བུ་1ནས་2བར་གཏོང་དགོས་པ་དང་། ཉིན་གཅིག་ལ་ཐེངས་3ནས་4བར་གཏོང་དགོས།

    སྨན་སྒམ་བེད་སྤྱོད་བྱེད་སྐབས་གཤམ་གསལ་གྱི་ཕྱོགས་འགའ་ལ་དོ་སྣང་བྱེད་དགོས་ཏེ།

    གཅིག སྨན་དམ་རེ་རེའི་ནང་དུ་སྨན་རིགས་གཅིག་མ་གཏོགས་སྨན་སྣ་ཚོགས་བསྲེས་ནས་བླུགས་མི་ཆོག

    གཉིས། རྒྱུན་དུ་སྨན་སྒམ་ནང་གི་སྨན་རྫས་ལ་ཞིབ་བཤེར་བྱས་ཏེ་སྣ་ཁ་ཚང་མིན་ལ་བལྟས་ནས་ཚང་མེད་པའི་སྨན་རྫས་དུས་ཐོག་ཏུ་གསབ་དགོས། གལ་སྲིད་རུལ་བ་དང་ཟིལ་བའི་སྨན་རྫས་ཡོད་ན་དུས་ཐོག་ཏུ་བརྗེ་དགོས། ལྷག་པར་དུ་ཟེ་ཚྭ་སྐྱུར་མོའི་མངར་སྣུམ་སྨན་གྱི་གོ་ཆོད་དུས་ཡུན་ཡོལ་ཚེ་ཕན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད།

    གསུམ། སྨན་རྫས་ཀྱི་གསལ་བཤད་ཡི་གེ་ཞིབ་པར་ཀློག་དགོས།

    བཞི། སྙིང་གཟེར་འཇགས་སྨན་ལ་བཞའ་ཚན་མ་ཕོག་པ་དང་། བཙིར་གནོན་དང་འོད་མ་ཕོག་པ་བྱས་ཏེ་ཉར་ཚགས་ཡག་པོ་བྱེད་དགོས།

    ལྔ། སྨན་དེ་ལེན་བདེ་བའི་ཨམ་ཕྲག་ནང་དུ་བླུགས་དགོས་ཤིང་། སྨན་སྒམ་བླུགས་ས་ནང་མིས་གསལ་པོ་ཤེས་པ་བྱེད་དགོས། གཉིད་ཉལ་དུས་ལག་པས་སྙོབ་སར་འཇོག་དགོས།

    དྲུག སྙིང་གཟེར་ནད་ལངས་སྐབས་སྨན་ཟ་བ་ཕུད། ནད་པས་ད་དུང་ས་ཆ་དེ་རང་ལ་ངལ་གསོ་དགོས། གལ་ཏེ་ནད་གཞི་ཚབས་ཆེན་པོ་ཡོད་ན་འཕྲལ་མར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས།

    རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།

    སྙིང་གཟེར་ནད་ཕོག་མཁན་གྱིས་ངེས་པར་དུ་ཐ་མག་གཅོད་དགོས་པ་དང་། ཆང་རག་ཚོད་འཛིན་བྱེད་པ། ཟ་མ་ཚད་རན་པོ་ཟ་བ། ལུས་སྦྱོང་འོས་འཚམ་བཅས་བྱེད་དགོས། གོམ་པ་མགྱོགས་པོ་སྤོ་བ་དང་སྐས་ཀ་མཆོང་འཛེག་བྱེད་པ། ཅ་དངོས་ལྕི་པོ་འཁུར་བ་སོགས་ཀྱི་འགུལ་སྐྱོད་དྲག་པོ་བྱ་རྒྱུ་མེད། གང་ཡིན་ཟེར་ན། འགུལ་སྐྱོད་འདི་དག་གིས་སྙིང་རྩ་འཕར་རྒྱུག་མགྱོགས་སུ་སོང་ནས་ཁྲག་ཤེད་མཐོ་རུ་འགྲོ་བ་དང་སྙིང་ལ་མཁོ་བའི་གསོ་རླུང་དཀོན་པོ་ཆགས་ཏེ་མཐར་སྙིང་གཟེར་རྒྱག་གི་ཡོད། དེར་བརྟེན། རྒྱུན་དུ་སྙིང་གཟེར་འཇགས་སྨན་གྲ་སྒྲིག་བྱེད་དགོས་པ་དང་དགོས་ངེས་སྐབས་སུ་ལུས་དང་ཁ་མི་འབྲལ་བ་བྱེད་དགོས། གལ་སྲིད་སྨན་བཏང་ནས་ན་ཟུག་མ་འཇགས་ཚེ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།

    སྙིང་ནད་འགོག་པའི་འགག་རྩ་ནི“སྔ་ཙམ་གསུམ”ཡིན།

    སྙིང་ནད་འགོག་པར“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས”བཅས་བྱེད་དགོས། སྙིང་གཟེར་ནད་ལངས་རྐྱེན་ལྡན་པའི(དཔེར་ན། ཁྲག་ཤེད་མཐོ་བ་དང་། ཐ་མག་འཐེན་པ། ཁྲག་གི་མཁྲིས་རྒྱུའི་གཤེར་རྩི་ཇེ་མཐོར་སོང་བ། གཅིན་སྙི་ཟགས་ཁུའི་ནད། ལུས་ཤ་རྒྱགས་པ་སོགས)ཉེན་ཡོད་མི་ཚོགས་ཀྱིས་སྔ་ཙམ་ནས་ནད་ལངས་རྐྱེན་དེ་དག་ཚོད་འཛིན་བྱེད་དགོས། གཞན་ཡང་། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད། ཁྲག་གི་མཁྲིས་རྒྱུའི་གཤེར་རྩི་མཐོ་བ་སོགས་སྨན་བཅོས་དང་། ཐ་མག་གཅོད་པ་དང་ལུས་སྦྱོང་འོས་འཚམ། བཟའ་བཏུང་སྙོམས་སྒྲིག་སོགས་བྱས་ཚེ་སྙིང་གཟེར་ནད་སྔོན་འགོག་བྱེད་ཐུབ། འོན་ཀྱང་སྙིང་གཟེར་ནད་ཕོག་མཁན་གྱིས་དུས་ཐོག་ཏུ་བརྟག་དཔྱད་བྱས་ནས་སྨན་བཅོས་བྱེད་དགོས། སྙིང་གཟེར་རྒྱག་སྐབས་སྤྱིར་བཏང་ནས་དུས་ཐུང་གི་ཕོ་བ་ན་བ་དང་། སོ་ན་བ། མཇིང་པ་ན་བ། ཨོལ་སྐོ་ན་བ་སོགས་བྱེད་སྲིད། གལ་སྲིད་དབང་པོ་དེ་དག་ལ་ནད་རྟགས་མ་ཐོན་ཚེ་སྙིང་ལ་བརྟག་དཔྱད་བྱས་ནས་སྨན་བཅོས་ཀྱི་གོ་སྐབས་ཡག་ཤོས་མི་ཤོར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།