དབུ་ཤོག>གསར་འགྱུར།
  • ལེ་དབར་སྟོང་ཕྲག་བརྒལ། དཔེ་དེབ་ཁྲི་ཕྲག་བསྐྱལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-18

    785283_yis_1605156575414_s.jpg

    འདི་ནི་སྤུ་ཧྲེང་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་དགེ་སློབ་ཚོས་དང་བླངས་པ་ཚོ་དང་མཉམ་དུ་གསར་དུ་བཙུགས་པའི་དཔེ་མཛོད་ཁང་དུ་པར་རྒྱག་བཞིན་པ།

    མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་སེང་གེ་ཁ་འབབ་གྲོང་རྡལ་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་དུ་ཕྱོགས་སྟོན་མཉེན་ཆས་ཐོག་ནས་བལྟས་ཚེ་ཐུང་ཤོས་ལའང་སྤྱི་ལེ་3000ལྷག་ཙམ་ཡོད་ལ། རླངས་འཁོར་བསྡད་ནས་ཕྱིན་ན་ཆུ་ཚོད་50ཙམ་འགོར་བ་དང་། ཟླ་བ་གཅིག་རིང་ཏིང་ཀྲི་ཡིས་ལམ་དེར་འགྲོ་འོང་ཐེངས་གཅིག་བྱས་པ་རེད།

    ལའོ་ཏིང་མངའ་རིས་སུ་ཡོང་དོན་ནི་གནས་དེ་གའི་བྱིས་པ་ཚོར་དཔེ་མཛོད་ཁང་སྐྲུན་ཆེད་རེད་ལ། རང་ཉིད་ཀྱི་རིག་གནས་སྤྱི་ཕན་བྱ་གཞག་བོད་ཀྱི་ཆེས་ནུབ་ཤོས་ཀྱི་ས་ཆར་གཉེར་ཆེད་ཀྱང་རེད།

    2008ལོར་ཝུན་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་རྗེས་ཏིང་ཀྲི་ཕ་ཡུལ་ཨན་ཧུའེ་ནས་སི་ཁྲོན་དུ་ཡོང་སྟེ་འཐབ་ས་དང་པོའི་དང་བླངས་པ་ཞིག་ཏུ་གྱུར། དེ་རྗེས་ཁོང་གིས་ཁྲེང་ཏུའི་ཁོན་ཀྲའེ་སྲང་ལམ་དུ་ཀོག་ཧྥེའི་ཁང་ཞིག་བཙུགས་པ་དང་། ཀོག་ཧྥེའི་ཁང་དུ་ཀོག་ཧྥེ་འཐུང་ཆོག་ལ། ཉིན་མཚན་མེད་པར་རིན་མེད་ངང་དཔེ་ཆ་ལྟ་ཆོག་པས་གནས་དེ་ནས་འགྲོ་འོང་བྱེད་མཁན་རིག་རྩལ་མི་ཚོགས་འདུ་འཛོམས་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    དུས་དེ་ནས་བཟུང་ཁོང་གིས་སྤྱི་ཕན་བྱ་གཞག་གཉེར་རྒྱུའི་འདུན་པ་ཞིག་ཡིད་ལ་འཁོར། ཁོང་གིས་སྐུལ་སློང་བྱས་པའི“དབྱི་ཏིང་དཔེ་དེབ་ཞལ་འདེབས་བྱེད་སྒོ”ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ཀྱི་སློབ་གྲྭ་འབྲིང་ཆུང་56ལ་སྤེལ་ནས་དཔེ་དེབ་ཁྲི་10ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།

    ཏིང་ཀྲིའི་ངོས་ནས་བརྗོད་ན། དཔེ་དེབ་ཞལ་འདེབས་རྒྱག་པ་དང་དངུལ་ཞལ་འདེབས་རྒྱག་པ་གཉིས་མི་འདྲ་ལ། དངུལ་ནི་བེད་སྤྱོད་བཏང་ཚེ་རྫོགས་འགྲོ། འོན་ཀྱང་དཔེ་དེབ་ལས་བྱིས་པ་ཚོར་ཤེས་བྱ་བརྒྱུད་སྤྲོད་བྱེད་ཐུབ་པ་དང་ལྷག་པར་དུ་ཐག་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་བྱིས་པ་ཚོར་དེ་བས་ཕན་པ་ཡོད།

    དུས་ཡུན་རིང་པོར་སྤྱི་ཕན་བྱ་གཞག་ཐད་གཞོལ་བ་ལས་ཁོང་སྤྱི་ཕན་ཚོགས་པའི་ཁྲོད་སྐད་གྲགས་ཅུང་ཟད་ཆོད་པ་མ་ཟད། ཁོང་གི་ཉེ་འཁོར་དུའང་རྒྱལ་ཡོངས་ས་གནས་ཁག་གི་ལས་རིགས་མི་འདྲ་བའི་གཅེས་སེམས་མི་སྣ་མང་པོ་འདུས་ཡོད། འདི་ལོའི་ཟླ་9པའི་ཟླ་འགོར་ཁོང་གིས་དང་བླངས་པ་20ལྷག་ཙམ་དང་ལྷན་དུ་དཔེ་དེབ་དང་དཔེ་སྒྲོམ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་བཏང་སྟེ་ཁྲེང་ཏུའུ་ནས་རྡོག་ཐོན་གྱིས་མངའ་རིས་སུ་བསྐྱོད་དེ་དཔེ་མཛོད་ཁང་འཛུགས་པའི་སྤྱི་ཕན་གྱི་བགྲོད་ལམ་རིང་པོར་བཞུད།

    ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ནས་སྤུ་ཧྲེང་རྫོང་ཧོར་ཤང་སློབ་ཆུང་དང་། བར་ག་ཤང་སློབ་ཆུང་། སྟོད་ཡུལ་གྲོང་ཚོའི་སློབ་ཆུང་། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ། རྩྭ་མདའ་རྫོང་བྱམ་རྩེ་ཤང་སློབ་ཆུང་བཅས་བར་ཏིང་ཀྲི་དང་དང་བླངས་པ་ཚོས་ནུབ་ཕྱོགས་སུ་སྐྱོད་གིན་དུ་དཔེ་མཛོད་ཁང་བསྐྲུན་ཞིང་། ངལ་དུབ་ཆེ་བ་དང་ལ་དུག་ཕོག་རུང་ཚང་མའི་འབད་བརྩོན་འོག་དཔེ་མཛོད་ཁང་འཛུགས་པའི་འཆར་གཞི་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།

    སྤུ་ཧྲེང་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་ནང་། ཏིང་ཀྲི་དང་རོགས་པ་ཚོས་དོས་སྐྱེལ་རླངས་འཁོར་ནས་རྒྱུ་ཆ་ཕབ་སྟེ་དཔེ་སྒྲོམ་དང་སྒྲོག་རྩེ་སྒྲིག་སྦྱོར་བྱས་པ་དང་། དེ་རྗེས་དཔེ་དེབ་གསར་པ་སྟོང་ཕྲག་མང་པོ་གྲལ་འགྲིག་པོར་བསྒྲིཌ། མཐར་གྱང་ངོས་སུ“དབྱི་ཏིང་དཔེ་མཛོད་ཁང”གི་སྒོ་བྱང་བཀལ་བ་སོགས་ཀྱི་ལས་རིམ་ལ་ཆུ་ཚོད་གསུམ་ལས་འགོར་མེད་ལ། ནུས་པ་ཆ་ཚང་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་དཔེ་མཛོད་ཁང་ལེགས་པར་བཙུགས་པ་རེད།

    ཁྲེང་ཏུའུ་ནས་ཡིན་པའི་ལོ་རབས་80ནང་སྐྱེས་ཀྱི་ཕོ་གསར་ཝུའུ་ཡེས་ཀོག་ཧྥེ་ཁང་ནས་ཏིང་ཀྲི་ངོ་ཤེས་པ་དང་། ཕྱིས་སུ་ཁོང་གཉིས་གྲོགས་པོར་གྱུར་བ་མ་ཟད། རང་མོས་ངང་ད་ཐེངས་ཀྱི་སྤྱི་ཕན་ཚོགས་པར་ཞུགས་པ་རེད། ལམ་བར་དུ་ལ་དུག་གིས་མནར་རུང་ཁོང་གིས་སྔར་བཞིན་འབད་བརྩོན་ཆེན་པོས་དཔེ་མཛོད་ཁང་འཛུགས་པའི་ལས་ལ་གཞོལ་བ་རེད།

    ཝུའུ་ཡེ་ཡིས་གད་མོ་དགོད་བཞིན“ང་ནི་མི་ཕལ་པ་ཞིག་ཡིན་རུང་བྱེད་ཐབས་དེ་རིགས་བརྒྱུད་བོད་ཀྱི་ཕྲུ་གུ་ཚོར་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་སྒྲུབ་ཐུབ་པས་སླད་ཕྱིན་མུ་མཐུད་ཡོང་གི་ཡིན”ཞེས་བཤད།

    དཔེ་མཛོད་ཁང་6དང་དཔེ་དེབ་ཁྲི་1.4ལྷག་ཙམ་ཡོད་པ་དེ་ནི་ཏིང་ཀྲིས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཕྲུ་གུ་ཚོར་སྤྲད་པའི་ལག་རྟགས་ཤིག་རེད། མིག་མཐོང་ལག་ཟིན་ཐུབ་པའི་དཔེ་དེབ་དེ་དག་ཕུད། ཁོང་གིས་ད་དུང་ཕྲུ་གུ་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཆགས་པར་བྱས་པ་དང་། ཕྲུ་གུ་ཚོས་དཔེ་དེབ་ལྟ་བ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འདུན་པའང་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།