དབུ་ཤོག
  • བད་གློའི་ནད་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-16

    བད་གློའི་ནད་སྔོན་འགོག 

    1. ཐ་མག་གཅོད་པ།

    ཐ་མག་འཐེན་པ་ནི་བད་གློའི་ནད་ཕོག་པའི་རྒྱུ་རྐྱེན་གཅིག་ཡིན་པས། ཐ་མག་གཅོད་རྒྱུ་ནི་བད་གློའི་ནད་སྔོན་འགོག་གི་བྱ་ཐབས་ནུས་ལྡན་ཞིག་ཡིན།

    2. ཆམ་ནད་སྔོན་འགོག

    གྲང་ངར་ཆེ་བའི་དུས་ཚིགས་སུ་དྲོད་སྲུང་ལ་དོ་སྣང་བྱས་ཏེ་ལུས་པོ་མི་འཁྱག་པར་བྱེད་དགོས། གྲང་ངར་ཆེ་བའི་གནམ་གཤིས་ལས་གློ་ཡུའི་ཡན་ལག་གི་འགོག་སྲུང་ནུས་པ་དམའ་རུ་ཕྱིན་ནས་རྗེས་འབྱུང་རང་བཞིན་གྱི་འགོ་ནད་གཞན་ཕོག་གི་ཡོད།

    3. བཟའ་བཏུང་སྙོམས་སྒྲིག

    འཚོ་བཅུད་འདུས་ཚད་མཐོ་བ་དང་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ཟ་དགོས། ཇ་ཚད་རན་པོ་འཐུང་བ་དང་བུལ་རྒྱུ་འདུས་པའི་ཇ་ལོ་བཏུངས་ན་བད་གློའི་ནད་འགོག་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད།

    4.ལུས་སྦྱོང་བྱེད་པ།

    རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་གཟུགས་པོར་སྦྱོང་བརྡར་བྱེད་དགོས། རང་ལ་འཚམ་པའི་སྦྱོང་བརྡར་བྱེད་སྟངས་བདམས་དགོས་པ་སྟེ། དཔེར་ན་འཆམ་འཆམ་བྱེད་པ་དང་། ཐའེ་ཅི་དྲག་རྩལ་རྩེ་བ། དལ་པོར་རྒྱུག་པ་སོགས་ལྟ་བུ།

    5.ངལ་གསོ་འོས་འཚམ་རྒྱག་པ།

    ངལ་དུབ་ཆེ་དྲགས་ན་ནད་འགོག་ནུས་པ་ཞན་དུ་ཕྱིན་ནས་བད་གློའི་ནད་སློང་སྲིད།

    6.སྡོད་སའི་ཁོར་ཡུག་གཙང་བ།

    སྦགས་བཙོག་ཚབས་ཆེ་བའི་ཁོར་ཡུག་ཁྲོད་ལུས་སྦྱོང་བྱེད་པའམ་ཡང་ན་ཡུན་རིང་སྡོད་རྒྱུ་མེད། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་བྱས་ནས་མཁའ་རླུང་གཙང་མར་བྱེད་དགོས། སྡོད་སའི་ཁོར་ཡུག་ལེགས་སུ་བཏང་སྟེ་ན་ཚ་འགོ་ཚད་དམའ་རུ་གཏོང་དགོས།

    བད་གློའི་ནད་ཕོག་མཁན་གྱིས་རྒྱུན་གཏན་ཡིད་གཟབ་བྱེད་དགོས་པའི་དོན་ཚན།

    1.བཟའ་བཏུང་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན།

    དུས་ཐོག་ཏུ་དགོས་ངེས་ཀྱི་སྤྲི་དཀར་གསབ་དགོས། དཔེར་ན། སྒོ་ང་དང་། བྱ་ཤ ཤ་སྣག འོ་མ། སྲོག་ཆགས་ཀྱི་མཆིན་པ། ཉ་རིགས། སྲན་རིགས་སོགས་ཟ་དགོས། གྲང་ངར་ཆེ་བའི་དུས་སུ་ཚ་ཚད་ཆེ་བའི་ཤ་རིགས་བཟའ་བཅའ་བཟས་ནས་གྲང་འགོག་ནུས་པ་ཆེ་རུ་གཏོང་དགོས། དམར་ཟས་ཕུད། ད་དུང་སྔོ་ཚལ་དང་ཤིང་འབྲས་སོས་པ་བཟས་ནས་འཚོ་བཅུད་Cའདང་ངེས་ཡོད་པར་བྱེད་དགོས།

    བཟའ་བཅའ་གྲང་མོ་ཟ་མི་རུང་། བད་གློའི་ནད་ཕོག་མཁན་གྱི་ནད་རྟགས་ཐོན་ཡུན་ཅུང་རིང་ལ། མང་ཆེ་བར་མཚེར་པ་དང་། གློ་བ། མཁལ་མ་སོགས་ཀྱི་མེ་དྲོད་མི་འདང་བའི་སྐྱོན་ཡོད་པ་དང་། བཟའ་བཅའ་གྲང་མོ་ཟ་དུས་ནད་གཞི་ལྕི་རུ་འགྲོ་བ་རེད། བཟའ་བཅའ་གྲང་མོས་དབང་རྩ་བསྡམས་སྲིད་ལ། སྐྱག་གཅིན་ཕྱིར་འབུད་དཀའ་བས། གློ་མང་པོ་རྒྱག་པ་དང་ཁ་ལུད་ཕྱིར་འདོན་ཐུབ་ཀྱི་མེད།

    སྣུམ་སྲེག་དང་ཁ་ཚའི་རིགས་ཀྱི་བཟའ་བཅའ་ཟ་མི་རུང་། སྣུམ་སྲེག་སོགས་སྣུམ་ཞག་མང་བའི་བཟའ་བཅའ་འཇུ་དཀའ་བས་གློ་མང་པོ་རྒྱག་པ་དང་དབུགས་འཚང་བ་སོགས་འབྱུང་ལ། བད་གློའི་རྩི་སྐྱིར་ཟུག་གཟེར་བསླངས་ནས་ཆ་ཤས་རང་བཞིན་གྱི་ཆུ་བསགས་ཏེ་གློ་མང་པོ་རྒྱག་གི་ཡོད། དེར་བརྟེན། བད་གློའི་ནད་ཕོག་མཁན་གྱིས་སྣུམ་སྲེག་དང་ཁ་ཚའི་རིགས་ཀྱི་བཟའ་བཅའ་ཟ་མི་རུང་།

    མཚོ་ཟས་ཟ་མི་རུང་། ཟས་མི་འཕྲོད་པ་ནི་བད་གློའི་ནད་འབྱུང་བའི་རྒྱུ་རྐྱེན་གཅིག་ཡིན། ཉ་དང་། ཞ་སྨིན། སྡིག་སྲིན། སྒོ་ངའི་རིགས། དཀར་ཆུའི་རིགས་བཅས་ནི་རྒྱུན་མཐོང་གི་ཟས་ནད་འབྱུང་ཁུངས་ཡིན། དེར་བརྟེན། བད་གློའི་ནད་ཕོག་མཁན་གྱིས་ཟས་དེ་རིགས་ཟ་མི་རུང་།

    བད་གློའི་དོས་དྲག་ནད་འཇགས་ཐབས། བད་གློའི་དོས་དྲག་ནད་ལངས་དུས་ནད་པས་ཉལ་ནས་ངལ་གསོ་དགོས། གལ་ཏེ་ཚ་བ་རྒྱས་ཚེ་དུས་ཐོག་ཏུ་ཚ་བ་འཇལ་དགོས། ཁ་ལུད་མང་པོ་ཡོད་མཁན་གྱི་སྒལ་བར་ག་ལེར་གཞུས་ཏེ་ཁ་ལུད་འདོན་དགོས། ལོ་ན་མཐོ་བའི་ནད་པས་ད་དུང་དབྱི་རྨ་དང་པགས་ནད་མི་ཐོན་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།