དབུ་ཤོག
  • བད་གློའི་ནད་ཀྱི་འབྲེལ་ཡོད་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-15

    གང་ཞིག་ལ་བད་གློའི་ནད་ཟེར་རམ།

    བད་གློའི་ནད་ཟེར་བ་ནི་གློ་ཡུ་དང་གློ་ཡུའི་ཡན་ལག་གི་འབྱར་སྐྱི་དང་དེའི་མཐའ་འཁོར་ཕུང་གྲུབ་ཀྱི་གཉན་ཚད་ལ་ཟེར། ནད་ཐོག་ཏུ་ཡུན་རིང་གློ་རྒྱག་པ་དང་། ལུད་པ་ཐོན་པ། དབུགས་འཚང་བ། ཡང་སེ་ན་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། གློ་ཡུན་རིང་རྒྱག་པ་དང་། ལུད་པ་ཐོན་པ། དབུགས་འཚང་བ་བཅས་ཀྱི་ནད་རྟགས་ལོ་ལྟར་བསྟུད་མར་ཟླ་3དང་བསྟུད་མ་ལོ་གཉིས་སམ་ཡང་ན་དེ་ཡན་ཐོན་པ་མ་ཟད། སྙིང་དང་། གློ་བ། ནད་རིགས་གཞན་དག་གི་རྒྱུ་རྐྱེན་གང་ཡང་མིན་པར་ཡང་སེ་ན་བ་ནི་བད་གློའི་ནད་ཀྱི་ནད་རྟགས་ཡིན་པ་གཏན་འཁེལ་བྱེད་ཐུབ།

    བད་གློའི་ནད་ནི་རྒྱུན་མཐོང་གི་ནད་ཅིག་ཡིན་པ་དང་། མི་ཚོགས་ལ་ནད་འདི་ཕོག་ཚད་4%ཟིན་ཞིང་། མང་ཆེ་བ་དར་མ་དང་རྒན་རྒོན་ལ་ཕོག་གི་ཡོད། དེ་ཡང་ལོ་50ཡན་གྱིས་13%ཙམ་ཟིན་གྱི་ཡོད། ནད་དེ་ཕོག་མཁན་ལྷོ་ཕྱོགས་ལས་བྱང་ཕྱོགས་སུ་མང་བ་དང་། གྲོང་ཁྱེར་ལས་གྲོང་གསེབ་ཏུ་མང་བ། ཐང་གཤོངས་ལས་རི་ཁུལ་དུ་མང་བ་བཅས་ཡོད་པ་དང་ས་ཁུལ་ཁ་ཤས་སུ་ཐ་ན་20%ཙམ་ཟིན་གྱི་ཡོད། བད་གློའི་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ནི་ནད་དུག་དང་འབུ་ཕྲ་བསྐྱར་ཟློས་ཀྱིས་འགོས་པ་ལས་བད་གློའི་ནད་ལ་འགྱུར་གྱི་ཡོད།

    བད་གློའི་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ།

    1.ཐ་མག་འཐེན་པ།

    ཐ་མག་འཐེན་ན་གློ་ཡུའི་ཕུང་གྲུབ་མ་ལག་ལ་ཤུགས་རྐྱེན་བཟོས་པ་དང་། ནད་འགོག་ནུས་པ་ཆུང་དུ་འགྲོ་བ། གློ་བའི་ནུས་པ་ཞན་དུ་འགྲོ་བ། གློ་ཡུ་འཁུམ་པ། དབུགས་གཏོང་དཀའ་བ་སོགས་ཀྱི་རྐྱེན་རྩ་དུ་མ་ལྡན་པས། ཐ་མག་གཅོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

    2.དབུགས་ལམ་ལ་གཉན་ཁ་རྒྱས་པ།

    དབུགས་ལམ་ལ་གཉན་ཁ་རྒྱས་དུས་ནད་དུག་འགོས་པའི་རྐྱེན་གྱིས་དབུགས་ལམ་གྱི་སྐྱི་པགས་ལ་གནོད་དེ་འབུ་ཕྲ་འགོ་བདེ་རུ་འགྲོ་བ་དང་། མཐར་བད་གློའི་ནད་ཕོག་པའམ་ཡང་སེ་ཕོག་གི་ཡོད།

    3.ལོ་ཚད།

    ལོ་ན་ག་ཚོད་ཀྱིས་ཆེ་ན། ནད་རྐྱེན(དཔེར་ན་ཐ་མག་འཐེན་པ་དང་། འབུ་ཕྲ་འགོས་པ། མཁའ་རླུང་བཙོག་དངོས་ལྟ་བུ)དང་འཕྲད་པའི་དུས་ཡུན་ཡང་དེ་ཙམ་གྱིས་རིང་བ་ཡོད་པས། གློ་བའི་ནུས་པ་ཡང་ཉམས་ཞན་དུ་འགྲོ་སྲིད་པ་དང་། དབུགས་ལམ་དང་། གློ་ཡུའི་ཡན་ལག གློ་ཡུའི་ཡན་ལག་ཕྲ་མོ་སོགས་དབུགས་ལམ་གྱི་འགོག་སྲུང་ནུས་པ་ཡང་ཇེ་ཞན་དུ་འགྲོ་བ་དང་། གཟུགས་པོ་ཡོངས་ཀྱི་འབུ་ཕྲ་འགོག་པའི་ནུས་པ་ཉིན་བཞིན་ཇེ་ཞན་དུ་འགྲོ་བ་མ་ཟད། ལོ་ན་ཆེ་རུ་སོང་བ་དང་བསྟུན་ནས་བད་གློའི་ནད་ཕོག་ཚད་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

    4. དྲོད་ཚད།

    དྲོད་ཚད་ཇི་ཙམ་དམའ་ན། བད་གློའི་ནད་ཕོག་ཚད་ཀྱང་དེ་ཙམ་གྱིས་མཐོ་བ་ཡོད། ལོ་རེའི་ཟླ་10པའི་ཟླ་མཇུག་ནས་ཕྱི་ལོའི་ཟླ་3པ་བར་དྲོད་ཚད་དམའ་ཤོས་ཡིན་པས། དེའི་རིང་དོས་དྲག་གི་བད་གློའི་ནད་དམ་བད་གློའི་ནད་གློ་བུར་དུ་ཕོག་སྲིད། བྱང་ཕྱོགས་ཀྱི་གནམ་གཤིས་ལྷོ་ཕྱོགས་ལས་གྲང་ངར་ཆེ་བས། བྱང་ཕྱོགས་ས་ཁུལ་དུ་བད་གློའི་ནད་ཕོག་ཚད་ལྷོ་ཕྱོགས་ལས་མཐོ་བ་ཡོད།

    ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཇི་ཙམ་ཆེ་ན། བད་གློའི་ནད་ཕོག་ཚད་ཀྱང་དེ་ཙམ་གྱིས་མཐོ་བ་སྟེ། དཔེར་ན་རི་ཁུལ་དུ་ཉིན་མོ་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེན་པོ་ཡོད་པས། བད་གློའི་ནད་ཕོག་ཚད་ཀྱང་ཐང་གཤོངས་ས་ཁུལ་ལས་མཐོ་བ་ལྟ་བུ་རེད།

    5.འཚོ་བཅུད་ཀྱི་ཆ་རྐྱེན།

    སྤྲི་དཀར་ལ་སོགས་འཚོ་བཅུད་མ་འདང་བའི་རྐྱེན་གྱིས་ཁྲག་རྒྱུན་གྱི་སྤྲི་དཀར་འདུས་ཚད་དམའ་པོ་ཡོད། མཐར་འབུ་ཕྲ་འགོག་ནུས་ཞན་དུ་འགྲོ་ཡི་ཡོད། ཐད་ཀར་བརྗོད་ན། ནད་འགོག་ནུས་པ་ཉམས་ན་བད་གློའི་ནད་ཕོག་ཚད་ཀྱང་མཐོ་རུ་འགྲོ་སྲིད།

    6. སྡོད་གནས་ཁོར་ཡུག

    སྒེའུ་ཁུང་ཕྱེ་ཉུང་བ་དང་རླུང་འགྲོ་ཡག་པོ་མེད་པའི་གྲོང་མིར་བད་གློའི་ནད་ཕོག་ཚད་མཐོ་པོ་ཡོད། ཁང་པ་རྒྱ་ཆུང་ན་ནད་གཞི་སློང་བའི་འབུ་ཕྲ་མཆེད་དེ་བད་གློའི་ནད་སློང་སྲིད།

    7.རླུང་ཁམས་ཆེན་པོའི་སྦགས་བཙོག

    རྫས་འགྱུར་རླུང་གཟུགས་དཔེར་ན་ཁིལ་དང་། དབྱང་གཅིག་ཏན་རྫས། དབྱང་གཉིས་མུ་ཟི་སོགས་ཀྱི་དུ་སྨུག་གིས་གློ་ཡུའི་ཡན་ལག་གི་སྐྱི་པགས་ལ་གནོད་ཀྱི་ཡོད། རླངས་སྙིགས་ཀྱི་དབྱང་གཉིས་སྭེལ་རྫས་དང་། སོལ་རྡུལ། སྲིང་བལ་སོགས་ཀྱིས་ཀྱང་གློ་ཡུའི་སྐྱི་པགས་ལ་གནོད་པ་མ་ཟད། གློ་བའི་ཚི་སྣའི་ཕུང་གྲུབ་ཆེ་རུ་ཕྱིན་ཏེ། གློ་བའི་གཙང་སེལ་བྱེད་ནུས་ཞན་དུ་སོང་ནས་འབུ་ཕྲ་འཛུལ་སླ་རུ་འགྲོ་ཡི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།