ཁྱེད་ཀྱིས་བཟའ་ཟླ་དང་སྙིང་གཏམ་མ་བཤད་པར་ག་ཚོད་ཕྱིན་སོང་ངམ། ཉིན་ལྟར་ལས་ཀ་དང་ངོ་བསྟུན་བྱེད་སྒོར་བྲེལ་བ་ལས་བཟའ་ཟླའི་སྙིང་གཏམ་ལ་ཡག་པོ་ཉན་མྱོང་ཡོད་དམ།
ཁྱེད་རང་ལ་གཤམ་གྱི་གནས་ཚུལ་དེ་རིགས་ཡོད་དམ།
བཟའ་ཟླར་ནོར་འཁྲུལ་ངོས་ལེན་མི་ཞུ་བ་དང་། ཕྱོགས་གཉིས་པོས་ཕོ་མོའི་སྐོར་གྱི་གནད་དོན་མཉམ་དུ་གྲོས་བསྡུར་མི་བྱེད་པ། བཟའ་ཟླར་དངོས་རྫས་གང་མཁོ་མིན་བསམ་བློ་མི་གཏོང་བ། བཟའ་ཟླ་དང་སྐད་ཆ་བཤད་པ་ནི་དུས་ཚོད་འཕྲོ་བརླག་ཡིན་པར་བསམ་པ། རང་གཅིག་པུས་ཐག་གཅོད་པ་ལས་བཟའ་ཟླ་དང་གྲོས་བསྡུར་བྱེད་འདོད་མེད་པ། བཟའ་ཟླས་རང་ཉིད་ལ་བཅངས་པའི་བརྩེ་དུང་ཟབ་མིན་གསལ་པོ་མི་རྟོགས་པ། འགལ་ཟླ་དང་གནད་དོན་འཕྲད་སྐབས་རྟག་ཏུ་ཁོང་ཁྲོ་ལངས་པ། བྱ་བ་ཁག་གཅིག་གིས་སེམས་ལ་ཕོག་ཐུག་ཐེབས་ཀྱང་ཁ་ནས་བཤད་ན་ཕན་ཚུན་གྱི་བརྩེ་དུང་ལ་གནོད་པར་སེམས་ཁྲལ་བྱེད་པ། གཉེན་སྒྲིག་བྱས་རྗེས་ཕན་ཚུན་སྙིང་གཏམ་ཤོད་པའི་ཐེངས་གྲངས་ཉུང་བ། སྐད་ཆ་མང་པོ་ཞིག་བཟའ་ཟླ་དང་ཤོད་འདོད་མེད་པ། སྐབས་རེར་ཕན་ཚུན་ཐུན་མོང་གི་དགའ་ཕྱོགས་མེད་པའི་ཚོར་སྣང་བྱུང་བ། བཟའ་ཟླ་རྟག་ཏུ་རླུང་ཚ་པོ་བྱེད་པའི་རྒྱུ་མཚན་གང་ཡིན་མིན་ལ་བསམ་བློ་མི་གཏོང་བ་སོགས་སོ།
གལ་སྲིད་ཁྱེད་རང་ལ་གོང་གི་གནས་ཚུལ་དེ་རིགས་ནས་ཁག་གསུམ་ལྡན་ཚེ། ཁྱེད་རང་གི་གཉེན་སྒྲིག་དང་ཁྱིམ་ཚང་དེར་འཛིན་པའི་རྣམ་འགྱུར་ལ་བསྐྱར་ནས་ཞིབ་ལྟ་བྱེད་རོགས། བརྩེ་དུང་ནི་རྟག་ཏུ་སྐྱོང་དགོས། གཉེན་སྒྲིག་ཀྱང་དེ་བས་སྐྱོང་དགོས། རང་ཉིད་ཀྱི་བསམ་ཚུལ་ཁོ་ནར་བསམ་བློ་གཏོང་རྒྱུ་མེད་པར་ཕ་རོལ་པོ་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས།
སེམས་ཁམས་རིག་པ་མཁས་ཅན་གྱིས་གྲོས་འགོ་བཏོན་པར། བཟའ་ཚང་དབར་སྐད་ཆ་མེད་པའི་གནས་ཚུལ་སེལ་བར་གཤམ་གྱི་གོ་རིམ་ལྟར་བྱེད་ཆོག
1.ནོར་འཁྲུལ་གྱི་ལྟ་ཚུལ་སེལ་བ།
གཉེན་སྒྲིག་བྱས་རྗེས། ཉིན་ལྟར་འཚོ་བའི་ནང་གི་བྱ་བ་རྩག་རྩིག་ལ་མགོ་དབྱིངས་ཚེ་རིམ་བཞིན་སུན་སྣང་གི་བསམ་ཚུལ་ཐོན་སྲིད། དེར་བརྟེན་ནོར་འཁྲུལ་གྱི་ལྟ་ཚུལ་དེའི་རིགས་བསལ་ནས་ང་ཚོའི་འཚོ་བའི་རྣམ་འགྱུར་ལ་འགྱུར་ལྡོག་གཏོང་དགོས། དང་ཐོག་ང་ཚོའི་བསམ་བློ་དང་ལྟ་ཚུལ་གསར་སྒྱུར་བྱེད་དགོས། བརྩེ་དུང་ནི་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་དང་སེམས་བསམ་པས་སྐྱོང་དགོས།
2.མཉམ་དུ་འཚོ་བ་གསར་པ་གཏོད་པ།
དུས་རྒྱུན་གྱི་ཁྱིམ་ཚང་འཚོ་བའི་ནང་རོལ་རྩེད་རྣམ་གྲངས་དང་བརྩེ་དུང་ཟབ་གཏོང་གི་གོ་སྐབས་མང་ཙམ་གཏོད་དགོས། དེ་ནི་བཟའ་ཚང་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཙམ་མིན་པར། ད་དུང་ཛ་དྲག་པའི་ལས་ཀའི་སེམས་ཁམས་ཞི་ལྷོད་དུ་གཏོང་བ་དང་མི་རྣམས་དེའི་ཁྲོད་ནས་བཅིངས་འགྲོལ་ཐོབ་སྟེ་སེམས་ཤུགས་ཆེན་པོ་དང་ལུས་ཟུངས་བཟང་བའི་ཐོག་ནས་མུ་མཐུད་ལས་ཀ་དང་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན།
3.རང་ཉིད་ཀྱི་གཟི་རྔམ་ཁོ་ནར་བསམ་བློ་གཏོང་རྒྱུ་མེད།
བཟའ་ཚང་དབར་སུས་གཉའ་དམའ་པོ་བྱེད་མིན་དང་སུ་ལ་ངོ་སོ་ཡོད་མེད་སོགས་ལ་ལྟ་རྒྱུ་མེད། རང་འགུལ་དང་སེམས་རྩ་འཁོལ་པོ་ནི་བཟའ་ཚང་དབར་བརྩི་འཇོག་དང་ཕན་ཚུན་རྟེན་རེས་བྱེད་པའི་མཚོན་ཚུལ་ཞིག་ཡིན་པས་སུ་རྒྱལ་སུ་ཕམ་ཡང་མཐར་སྙིང་པོ་གང་ཡང་མེད། དེར་བརྟེན་ཁྱེད་ཀྱིས་འཚོ་བའི་ངོ་བོ་རྟོགས་དགོས།
4.འཆམ་མཐུན་གྱི་ཕོ་མོའི་འབྲེལ་བར་མང་ཙམ་རོལ་བ།
ཁྱོ་ཤུག་གཉིས་པོའི་ལུས་འབྲེལ་ཐད་འགོག་རྐྱེན་འཕྲད་ཚེ། ངེས་པར་དུ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འཚོལ་དགོས། དེ་ལས་ལྡོག་ཚེ་མི་ཚེ་གང་བོ་སྡུག་བསྔལ་གྱི་གནས་སུ་གྱར་སྲིད། གལ་སྲིད་ཕན་ཚུན་སྤྲོ་སྣང་མེད་པའི་ཚོར་སྣང་ཡོད་ན། གཏན་ཆགས་ཀྱི་རྒྱུན་སྲོལ་དེར་རིམ་གྱིས་འགྱུར་ལྡོག་གཏོང་དགོས། རྒྱུན་སྲོལ་ལས་སྒྲོལ་བ་ནི་སྤྲོ་སེམས་འཕེལ་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན།
5.སྐྱེས་པའི་ལས་ལ་ངོས་འཛིན་ཡང་དག་བྱེད་དགོས།
མིང་དོན་མཚུངས་པའི་སྐྱེས་པ་ཞིག་ཡིན་ན་གཅིག་ནས་བདེན་དོན་རྟོགས་པ་དང་གཉིས་ནས་གནས་ལུགས་རྟོགས་དགོས། བྱམས་དང་སྙིང་རྗེ་མེད་པའི་སྐྱེས་པ་དེ་རིགས་དོན་དངོས་ཐོག་སེམས་ཁམས་ཐང་པོ་མེད་པའི་སྐྱེས་པ་རེད། དེ་བས་རང་ཉིད་དགའ་བའི་བུ་མོ་ལ་སེམས་པ་ཡོངས་སུ་གཏོད་དགོས་ལ། ཕ་རོལ་པོས་ཉན་འདོད་པའི་སྐད་ཆ་ཡང་ཤོད་དགོས།
6.བཟའ་ཚང་དབར་ཁ་མི་གྲགས་པར་སྡོད་རྒྱུ་མེད།
བཟའ་ཚང་དབར་ཁ་མི་གྲགས་པ་ནི་བཟའ་ཚང་གི་འབྲེལ་བར་གནོད་ཤོས་ཤིག་ཡིན་ལ། བཟའ་ཚང་དབར་སྐད་ཆ་ཉུང་དུ་ཕྱིན་པའི་རྐྱེན་གཙོ་བོ་ཡང་ཡིན། བཟའ་ཚང་གི་འཚོ་བའི་ནང་འགལ་བ་མི་ཐོན་པ་མེད་པས། རིག་པ་དྭངས་གསལ་གྱིས་ཁ་གཏད་གཅོག་པ་དང་ཁོག་པ་ཆེན་པོས་བསྟུན་མཁས་བྱེད་དགོས། དེའང་བཟའ་ཚང་དབར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་ཡིན།