
འདི་ནི་བགྲེས་སོང་ཅི་ཝུན་ཀྲེང་གིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་བཞིན་པ།

(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་དེ་བཤེར་རོགས)
མི་སྣ་ངོ་སྤྲོད།
ཅི་ཝུན་ཀྲེང་། ཕོ། རྒྱ་རིགས། 1933ལོར་ཧོ་ནན་ཞིང་ཆེན་ཏེང་ཀྲོའུ་གྲོང་ཁྱེར་དུ་སྐྱེས། 1948ལོའི་ཟླ་9ཚེས་5ཉིན་ཁའེ་ཧྥེང་གྲོང་ཁྱེར་ནས་དམག་དཔུང་ནང་ཞུགས། དེ་སྔོན་ཧུའེ་ཧའེ་གཡུལ་འགྱེད་དང་གཙང་པོ་བརྒལ་བའི་དམག་འཐབ་སོགས་གཡུལ་འགྱེད་ཆེན་པོའི་ནང་ཞུགས་མྱོང་། 1950ལོའི་ཟླ་5པར་དམག་སྡེ་18པའི་ཧྲི་ཤོག་53དང་ལྷན་དུ་བོད་དུ་བསྐྱོད། 1954ལོ་ནས་1970ལོའི་བར་མེ་ཏོག་རྫོང་དུ་ལས་དོན་བསྒྲུབས་ཏེ་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་དང་། རྫོང་ཨུད་ཀྱི་རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་སོགས་ཀྱི་འགན་ཁུར། 1971ལོར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་ལས་སྒྱུར་བྱས། 1988ལོར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས། ད་ལྟ་སི་ཁྲོན་ཁྲེང་ཏུའུ་རུ་འཚོ་བ་སྐྱེལ་བཞིན་ཡོད།
ངའི་མི་ཚེ་འདིར་དཀྱོག་མཚམས་ཆེན་པོ་ཐེངས་གཉིས་བརྒྱུད་མྱོང་།
ཐེངས་དང་པོ་ནི་1950ལོར་ང་གནས་སའི་དཔུང་སྡེ་དེ་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་དུ་འབྱོར་བ་དང་། ཡུལ་དེའི་ཆུ་ཐོག་དང་སྐམ་སའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་ལ། ནམ་དུས་དགུན་གཞུང་ཡིན་ནའང་སྔར་བཞིན་རྩྭ་རྩི་ཤིང་སྔོ་ཐིང་ཐིང་རེད། ངས་ཉིན་ཐོའི་ནང“ཡུལ་འདི་མཛེས་ལ་ཉམས་དགའ། ཐོན་ཁུངས་ཕུན་སུམ་ཚོགས་པས། མ་འོངས་པར་ས་ཆ་འདི་ནས་བཟའ་ཟླ་ཞིག་བཙལ་ནས་གཞིས་ཆགས་ཏེ། ཕ་མ་བསུས་ནས་སྲི་ཞུ་བསྒྲུབ་རྒྱུ་བྱུང་ན་ཅི་འདྲའི་སྐྱིད་པ་ལ་ཨང”ཞེས་བྲིས་ཡོད།
སྐབས་དེར་ང་ཚོ་ཀུན་གྱིས་སི་ཁྲོན་དུ་སྡོད་སྲིད་སྙམ་ནའང་ཟླ་བ་གཅིག་མ་སོང་བར། དཔུང་སྡེ་ལུའུ་ཀྲོའུ་ནས་ལེ་ཧྲན་དུ་གནས་སྤོས་པ་དང་དེ་གར་མི་རིགས་སྲིད་ཇུས་སྐོར་སློབ་སྦྱོང་བྱས། མི་རིང་བར་གོང་རིམ་གྱིས“དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་རྒྱུ”ཁྱབ་བསྒྲགས་བྱས་སོང་། དགའ་འོས་པ་ཞིག་ལ་ང་རང་དཀྱོག་མཚམས་ཆེན་པོ་དེ་ལས་མ་ལུས་པར་དམག་སྡེ་བཅོ་བརྒྱད་པ་དང་ལྷན་དུ་བོད་དུ་བསྐྱོད་པ་ཡིན།
དེ་དུས། ཏང་ཀྲུང་དབྱང་གིས“དཔུང་སྐྱོད་བྱེད་ཞོར་ལམ་བཟོ་དགོས་པའི”གཏན་འབེབས་བྱས་པ་དང་། ང་ཚོ་ཧྲི་53པ་ཡང་1950ལོའི་ཟླ་5པ་ནས་1951ལོའི་ཟླ་4པའི་བར་གཡག་རྔ་ནས་ཨེར་ལང་རི་བོའི་བར་གྱི་གཞུང་ལམ་བཟོ་བའི་ལས་འགན་ནང་ཞུགས།
དུས་དེར་ལེན་ཏུའེ་རེས་མི་20ཡི་གཡས་གཡོན་སྡོད་ཐུབ་པའི་རྩྭའི་སྤྱིལ་བུ་རེ་བཟོས་ནས་ཕར་ཚུར་འགྲོ་འོང་བྱེད་མཁན་བོད་རིགས་སྤུན་ཟླ་ངལ་གསོ་རུ་བཅུག་པ་དང་། ཕྱིས་སུ་བོད་རིགས་སྤུན་ཟླ་ང་ཚོའི་གུར་ནང་ངལ་གསོ་རྒྱག་པར་ཡོང་རིམ་བཞིན། རིག་གནས་ཀན་ཧྲི་ཡིན་པའི་ངས་གོ་ཆོད་པར་གྱུར། ངས་ཁོང་ཚོར་གུང་ཁྲན་ཏང་དང་། བཅིངས་འགྲོལ་དམག ཀྲུང་གོ་གསར་པ་བཅས་ཀྱི་སྐོར་མང་པོ་བཤད་པ་ཡིན། བོད་རིགས་སྤུན་ཟླ་དང་འབྲེལ་འདྲིས་བྱས་པ་བརྒྱུད་རིམ་གྱིས་ཁོང་ཚོའི་ངོས་འཛིན་ལ་འགྱུར་ལྡོག་ཆེན་པོ་ཕྱིན། བཀྲ་ཤིས་ཟེར་བའི་ཆབ་མདོའི་ཇའི་ཚོང་པ་ཞིག་ཡོད་པ་དེ་དེ་དུས་ལོ་30ཙམ་ཡིན་ལ་རྟག་པར་ཀོང་པོ་རྒྱ་མདའ་རྫོང་དུ་ཇ་འཚོང་དུ་འགྲོ་བཞིན་འདུག ཁོང་གིས། དེ་སྔོན་རི་འགོར་འགྲོ་སྐབས་རྐུན་ཇག་ལ་ཞེད་ཀྱི་འདུག ད་ཆ་ཡག་པོ་བྱུང་སོང་། གང་སར་བཅིངས་འགྲོལ་དམག་མིས་སྲུང་སྐྱོང་བྱེད་པ་དང་། བཟའ་བཏུང་ཡང་སྤྲོད་ཀྱི་འདུག བྱང་ཆུབ་སེམས་དཔའ་རང་རེད་ཅེས་ཟེར།
ཨེར་ལང་རི་བོར་སྡོད་པའི་ཟླ་བ་ཁ་ཤས་རིང་བོད་རིགས་སྤུན་ཟླ་དང་ཐོག་མར་འབྲེལ་འདྲིས་བྱས་པ་ཡིན། 1951ལོར་དམག་དཔུང་ཏང་ཨུད་ཀྱིས་ང་ཚོའི་ཧྲི་ནས་ཆབ་སྲིད་རིག་གནས་ཀྱི་བྱང་ཚད་ལེགས་པའི་ལས་བྱེད་པ་80ཟུར་འཐེན་བྱས་ཏེ་སྤོ་བོ་དང་དྭགས་ཀོང་ས་ཆར(དེང་སང་གི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྣང་རྫོང་། ལྷོ་ཁའི་རྒྱ་ཚ་རྫོང་གི་ས་ཆ)ལས་དོན་བསྒྲུབ་པར་འགྲོ་དགོས་པའི་གཏན་འབེབས་བྱས་ཤིང་། ང་ཟུར་འཐེན་བྱས་པའི་གྲས་ཡིན།
སྤོ་བོ་ས་ཆར་ང་ཚོ་དང་ཡུལ་མི་རྣམས་ཀྱི་མཐུན་ལམ་ཧ་ཅང་ཡག་པོ་བྱུང་། ངའི་བསམ་པར་ང་ཚོ་དེ་གར་ནམ་ཡང་སྡོད་སྲིད་སྙམ་མོད། ངའི་མི་ཚེའི་ནང་གི་དཀྱོག་མཚམས་ཆེན་པོ་གཉིས་པ་དེ་སླེབས་བྱུང།
1954ལོར་སྤོ་བོ་ཡན་ལག་ལས་དོན་ཨུ་ལྷན་གྱིས་ང་རང་ཁུལ་གསར་ལྷོ་ཡུལ(མེ་ཏོག)དུ་ལས་ཀ་བྱེད་པར་མངགས།
ངས་ཁྲབ་རྨོག(སྤོ་བོའི་མངའ་འོག་གྲོང་རྡལ)ཏུ་མེ་ཏོག་ལ་འགྲོ་བའི་རོགས་པ་ཞིག་བཙལ་བ་དང་མཐར་ལྷོ་པ་8དང་མོན་པ་3 བོད་རིགས་2བཅས་ལ་ཕྲད་དེ་མཉམ་དུ་མེ་ཏོག་ལ་སོང་། ལམ་བར་དུ་འགྲོ་རོགས་མི་རིགས་ཁག་གི་སྤུན་ཟླ་ཚོས་མེ་ཏོག་ལ་འགྲོ་མྱོང་མེད་པའི་བློ་མཐུན་ང་ལ་ལྟ་སྐྱོང་གང་ལེགས་བྱས་པ་དང་། མོན་པ་མ་བྱན་བཀྲ་ཤིས་ཀྱིས་སྔོན་ལ་ངའི་ལམ་རྒྱགས་བཏོན་ནས་ཚང་མར་ཁ་ལག་བཟོས་ཏེ་ངའི་ཁུར་པོ་ཇེ་ཡང་དུ་བཏང་། སྤྱན་འབྲུག་ལ་བརྒལ་སྐབས་མོན་པ་ནོར་བུས་ངའི་འབྲས་ཁུག་འཁུར་རོགས་བྱས་པ་སོགས་ལམ་ཧྲིལ་པོར་ངའི་སེམས་ནང་ཚ་སོབ་སོབ་ཀྱི་སྣང་བས་ཁེངས།
ཡུལ་དེའི་མང་ཚོགས་གླུ་ལེན་གར་འཁྲབ་ལ་མཁས་པ་དང་། ལྷོ་པ་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་འདུག་པས། ངས་ལུང་པ་དེ་གའི་ཡུལ་སྲོལ་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།
ལྷོ་པའི་མང་ཚོགས་ལ་རང་ཉིད་ཀྱི་སྐད་ཆ་ཡོད་ཀྱང་ཡི་གེ་མེད་པས་ཁོང་ཚོའི་རིག་གནས་ནི་ངག་ཐོག་བརྒྱུད་ནས་རྒྱུན་འཛིན་བྱེད་ཀྱི་འདུག དེ་ཕྱིར་ངས་ཁོང་ཚོའི་ཡུལ་སྲོལ་རིག་གནས་མཐའ་དག་ཡི་གེར་འགོད་རྒྱུའི་དོན་སྙིང་ཆེ་བའི་ལས་ཀ་ཞིག་བྱེད་འདོད་བྱུང་།
1954ལོ་ནས་ད་བར་ངས་རི་བོ་ཧི་མ་ལ་ཡ་ཐེངས་28བརྒལ་ནས་མེ་ཏོག་གི་འདྲ་པར་1200ལྷག་ཙམ་བླངས་པ་དང་། དཔྱད་ཡིག་ཡིག་འབྲུ་ཁྲི་1000ལྷག་ཟིན་པ་འཚོལ་བསྡུ་ལེགས་སྒྲིག་བྱས་ཏེ་དཔེ་དེབ་28བྲིས་པ་དང་། དཔེ་དེབ་22དཔེ་སྐྲུན་བྱས་པ་ཡིན།
དངོས་གནས་ངོ་མཚར་བ་ཞིག་ལ། དང་པོ་མེ་ཏོག་ལ་འགྲོ་སྐབས་བློ་མི་བདེ་བའི་སྣང་བ་སྐྱེས་ནའང་། ད་ཆ་རང་ཉིད་ཀྱི་མི་ཚེར་ཕྱིར་དྲན་བྱེད་སྐབས། ཆེས་བརྗེད་པར་དཀའ་བ་ནི་སྔར་བཞིན་བོད་ལྗོངས་དང་མེ་ཏོག་རེད། ད་ལྟ་ཡང་། ངས་ད་དུང་མེ་ཏོག་གི་ས་ཆའི་སྐོར་གྱི་རི་མོའི་བསྡུས་དེབ་ཅིག་དཔེ་སྐྲུན་བྱེད་ཐུབ་མིན་ལ་བསམ་བློ་གཏོང་གི་ཡོད།
ངའི་སྣང་བ་ཞིག་ལ། ངའི་རྣམ་ཤེས་བོད་ལྗོངས་དང་ལྷོ་ཡུལ་དུ་ལུས་ཡོད་པར་སྙམ།