མཐུན་སྒྲིལ་མེ་ཏོག་རབ་ཏུ་མཚར། འཕེལ་རྒྱས་སྒུལ་ཤུགས་གཅིག་ཏུ་བསྒྲིལ།
ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། གཞིས་རྩེ་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་དངོས་སུ་སྤྲད་པས། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
འདི་ལོའི་ཟླ་9པ་ནི་རང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ”ཐེངས་30པ་རེད་ལ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་རྗེས་ཀྱི“མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ”ཐོག་མའང་རེད། ཟླ་9པ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཇུས་གཞི་བཟོ་བ་དང་། གཞི་རྟེན་གསར་གཏོད། དོན་འཁྱོལ་དམ་འཛིན་བཅས་བྱས་ནས། “མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་ཁག་ཧུར་ཐག་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་པས། ཇོ་མོ་གླང་མའི་རི་གཤམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ།
ཟླ་9ཚེས་1ཉིན། རིན་སྤུངས་རྫོང་གིས“མི་རིགས་མཐུན་སྒྲིལ་ཟླ་བ”ཐེངས་30པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ལྷ་མོ《བཀྲ་ཤིས་པའི་རིན་སྤུངས》ཞེས་པ་ནས་འགོ་བཙུགས་ཏེ་ཞབས་བྲོ《མི་རིགས་མཐུན་སྒྲིལ་ཆེ་མོ》དང《བདེ་སྐྱིད་ལྡན་པའི་འཚོ་བ》དང་། དགོད་བྲོའི་གཏམ་གླེང《བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད》དང《འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཁྱིམ་ཚང》སོགས་ལྟད་མོ་ཆེ་བའི་ལེ་ཚན་རིམ་པ་བཞིན་འཁྲབ་སྟོན་བྱས་པ་རེད། ཁྱད་ཆོས་མངོན་གསལ་དོད་པའི་ལེ་ཚན་རེ་རེ་ལས་མི་དམངས་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་གང་ལེགས་མངོན་ཡོད།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་9ཚེས་1ཉིན། གཏིང་སྐྱེས་རྫོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བའི་རྟེན་འབྲེལ་གོ་སྐབས་སུ་བྱས་ཏེ། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་གཏོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ནས“མི་རིགས་མཐུན་སྒྲིལ་ཟླ་བ”ཐེངས་30པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
ཟླ་9ཚེས་5ཉིན། ངམ་རིང་རྫོང་གི“ཐང་སྟོང་བུམ་པའི”ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འགོ་ཚུགས་ཤིང་། ངམ་རིང་རྫོང་མི་རིགས་ལས་དོན་ཨུ་ལྷན་གྱིས་བྱེད་སྒོའི་གཙོ་གཉེར་ཕྱོགས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་དང་འབྲེལ། བྱེད་སྒོ་བརྒྱུད་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བཏོད་ནས། རྫོང་དེས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཟླ་9ཚེས་10ཉིན། གཞིས་རྩེ་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་གིས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ“མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤེལ་རེས། བགྲོ་གླེང་བཅས་བྱས་པ་རེད།
ཟླ་9པ་ཚུན་དུ། ཁང་དམར་རྫོང་གིས་ཤང་གྲོང་ཁག་སྒྲིག་འཛུགས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱེད་སྒོ་སྔ་རྗེས་སུ་སྤེལ་བར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་ཟིན་ཞིང་། བྱེད་སྒོའི་ཐོག་གཙོ་བོ་གཅིག་སྡུད་དྲིལ་བསྒྲགས་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་གསལ་འགྲེལ་བྱས་པ་དང་འབྲེལ། ཞིང་འབྲོག་མང་ཚོགས་ཚོས་བཏོན་པའི་གནད་དོན་ཚང་མར་ལན་བརྒྱབ་པ་དང་འབྲེལ། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་ཤོག་ལྷེ་1000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་1000ལྷག་ཙམ་སྤྲད་པ་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ་9ཚེས་11ཉིན། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་སྤྱི་ཁྱབ་ཏང་ཀྲི་པུས་སྣེ་ཁྲིད་དེ་འགན་འཁུར་བ་དང་ལས་ཁུངས་ཏང་ཀྲི་པུའི་ཏང་ཚོགས་ཆུང་4དང་། ཚགས་པར་ལས་ཁུངས་ཏང་ཀྲི་པུའི་ཏང་ཚོགས་ཆུང་2 གློག་བརྙན་ས་ཚིགས་དང་ཤིན་ཧྭ་དཔེ་ཚོང་ཁང་གི་ཏང་ཀྲི་པུའི་ཡན་ལག་ཚོགས་ཆུང་7བཅས་སྒྲིག་འཛུགས་བྱས་ཏེ། གྲོང་ཨུད་དྲིལ་བསྒྲགས་པུའི་སྒོ་རའི་ནང་རྐུབ་བཀྱག་ཧབ་ཐོབ་རྒྱག་པ་དང་། མི་རིགས་56གི་གྱོན་གོས་དབྱེ་འབྱེད། རྐང་བསྡམས་རྒྱུག་ཤར་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་མ་ཟད། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི“ཁ་འབྲལ་ཐབས་མེད་པ་གསུམ་”གྱི་བསམ་བློ་ཡང་ཤུགས་ཆེར་བཏང་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་རང་ནུས་གང་ཡོད་བཏོན་པ་རེད།
ཟླ་9ཚེས་15ཉིན། གམ་པ་རྫོང་གིས་རིག་རྩལ་སྐོང་འཁྲབ་ཀྱི་རྣམ་པའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་རེད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བ་དང་རང་སྐྱོང་ལྗོངས་ཀྱིས“མི་རིགས་མཐུན་སྒྲིལ་ཟླ་བ”བཙུགས་ནས་ལོ་30འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་ཆེད། ཟླ་9ཚེས་16དང་17ཉིན། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་ཏང་ཀྲི་པུའུ་བཞི་པས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཞིང་། བྱེད་སྒོའི་ནང་རང་མོས་ཆ་སྒྲིག་བྱེད་པའི་རྩ་དོན་གཞིར་བཟུང་། ཀྲི་པུས“གཅིག་གཏད་གཅིག”དང་། “གཅིག་གཏད་གཉིས” “གཅིག་གཏད་མང”བཅས་ཀྱི་རྣམ་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཛའ་མཐུན་མཛད་སྒོ་འཚོགས་པ་རེད། ཏང་ཡོན་24ཡིས་མི་རིགས་མཐུན་སྒྲིལ་གྱི་མཛའ་མཐུན་ཆ་སྒྲིག་9བཙུགས་ཏེ་བོད་རྒྱ་སྐད་གཉིས་སྦྱོང་རེས་དང་རིག་གནས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
ཟླ་9ཚེས་21ཉིན། པ་སྣམ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་མཉམ་འབྲེལ་ཐོག“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད་པའི”བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་བྱའི་འགྲན་བསྡུར་བྱས་ཤིང་། ད་ཐེངས་ཀྱི་འགྲན་བསྡུར་ནང་། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང་། 《རྩ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》 《དམངས་དོན་ཁྲིམས་གཞུང》 དེ་བཞིན་ཏང་གི་མི་རིགས་སྲིད་ཇུས་དང་། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ཀྱི་ཤེས་བྱ་ནང་དོན་དུ་བྱས་པ་དང་སྤྱི་ཁྱབ་ཏང་ཀྲི་པུའུ་ཚན་པར་བྱས་ཏེ་དེའི་ནང་ཞུགས་ནས་རིགས་པའི་གཞུང་ལུགས་ཀྱི་འགྲན་བསྡུར་དང་ས་གནས་ས་ཐོག་གི་འགྲན་བསྡུར་བྱས་པ་རེད།
འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གཏོད་པའི་གྲུབ་འབྲས་བརྟན་པོའི་ངང་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་སྔར་ལས་ཁྱབ་རྒྱ་ཆེ་བ་དང་གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་གྱི་མཐུན་སྒྲིལ་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་ཟམ་མོ་གཏོད་པ་བཅས་བྱས་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད་པའི”གཞིས་རྩེའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཡོད་པ་རེད།
བསམ་གྲུབ་རྩེ་ཆུས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བ་དང“མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ།
འབྲོང་པ་རྫོང་གིས“ཏང་གི་བཀའ་དྲིན་ཚོར་བ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི”ཐང་ཆེན་ཞབས་བྲོ་འགྲན་བསྡུར་བྱེད་བཞིན་པ།
གམ་པ་རྫོང་གིས་སྤེལ་བའི“མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི”བྱེད་སྒོའི་ཐོག་འབྲེལ་ཡོད་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།
སྟོན་བསྡུའི་རིང་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མེ་སྐྱོན་སྔོན་འགོག་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།
བསམ་གྲུབ་རྩེ་ཆུས་ཀྱི་འགན་ནུས་སྡེ་ཚན་ཁག་གིས“མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།
ས་དགའ་རྫོང་གིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།
ས་སྐྱ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་བཞིན་པ།
ལྷ་རྩེ་རྫོང་གིས་མི་རིགས་ཀྱི་བསླས་འཐག་རྩལ་ནུས་འགྲན་བསྡུར་བྱེད་བཞིན་པ།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣