དབུ་ཤོག>གསར་འགྱུར།
  • བོད་ལྗོངས། ངའི་དྲན་པའི་མེ་ལོང་ངོས་ནས་སུབ་ཐབས་མེད་པའི་གནས་མཆོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-20

    777765_yis_1603078679725_s.jpg

    འདི་ནི་བགྲེས་སོང་ཀུའོ་ཀྲི་ཡུན(དཀྱིལ)གྱིས་ཁྱིམ་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ། 

    2020ལོའི་ཟླ་8ཚེས་5ཉིན། ངས་ཕ་ཡུལ་ཤང་ཧྥེན་ནས་བོད་ནས་ཡོང་བའི་སྐུ་མགྲོན་གསུམ་མཐོང་བྱུང་། ཁོང་ཚོ་ཡོང་བ་དེས་ལོ་88ལ་སླེབས་པའི་ངའི་སེམས་སུ་རྦ་རླབས་དྲག་པོ་འཕྱུར་བ་བཞིན་བྱུང་། བོད་ནི་ངའི་རྨི་ལམ་ནང་གི་ཕ་ཡུལ་ཡིན། འཁྱུག་ཙམ་ཞིག་ལ་ང་བོད་ནས་ཁ་བྲལ་ཏེ་ལོ་32འདས་ཟིན་འདུག

    1959ལོའི་ཟླ་6པའི་ཟླ་སྟོད་ཀྱི་ཉིན་ཞིག་ལ་ཧྲན་ཤིས་ཞིང་ཆེན་ལིན་ཧྥེན་གྲོང་ཁྱེར་ཆུས་ཝོ་རྫོང་ཨུད་རྩ་འཛུགས་པུའུ་རུ་ལས་ཀ་བྱེད་བཞིན་པའི་ང་ལ་གོང་རིམ་གྱི་བརྡ་ཐོ་འབྱོར་ནས་ད་ལྟའི་ལས་ཀ་དང་ནང་མི་སོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་བོད་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་བཀའ་འབྱོར་བྱུང་། ཐའེ་ཡོན་ནས་མ་ཐོན་གོང་རྩ་འཛུགས་ཀྱིས་ད་དུང་ང་ཚོར་སྐུལ་སློང་ཚོགས་འདུ་འཚོགས་སོང་། སྐབས་དེར་ང་ལ་ཧུར་སེམས་ཧ་ཅང་ཆེན་པོ་སྐྱེས་བྱུང་། འོན་ཀྱང་ང་ཚོའི་རླངས་འཁོར་གདང་ལའི་ཕྱོགས་སུ་སླེབས་སྐབས་ངས་བོད་དུ་ཡོང་བ་དེ་ངའི་བསམ་ཚོད་ལས་དཀའ་ཚེགས་ཧ་ཅང་ཆེ་བ་ཞིག་ཡོད་པ་ཤེས་བྱུང་། འགྲོ་ལམ་ཀྱག་ཀྱོག་ཡིན་པའི་ཁར་མཐོ་གྲང་དང་གསོ་རླུང་མི་འདང་བས་ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་དབུགས་གཏོང་དཀའ་བ་དང་མགོ་བོར་ན་ཟུག་ཆེན་པོ་གཏོང་གི་འདུག སྐབས་དེ་དུས་མི་ཚང་མར་དངངས་འཚབ་ཆེན་པོ་སྐྱེས་ནའང་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད། ཚང་མས་ཕན་ཚུན་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་མཐར་ལྷ་སར་འབྱོར།

    ལྷ་སར་ངལ་གསོ་ཏོག་ཙམ་བརྒྱབ་རྗེས་ང་ལྷོ་ཁའི་ལྷུན་རྩེ་རྫོང་གི་བྱ་ཡུལ་དུ་ལས་ཀ་བྱེད་པར་བཏང་བྱུང་། ས་གནས་དེ་གའི་མང་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འགྲོ་འོང་སྤེལ་རེས་བྱས་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱ་ཆེད། ངས་ཉལ་གདན་དང་འབྲས་དང་གྲོ་ཞིབ་ཏོག་ཙམ་འཁྱེར་ནས་སྐབས་དེ་དུས་བྱ་ཡུལ་གྱི་མང་ཚོགས་དབུལ་ཤོས་བསོད་ནམས་སྟོབས་རྒྱལ་གྱི་ཁྱིམ་དུ་བསྡད་པ་ཡིན།

    ཟ་མ་ཟ་བའི་དུས་སུ་བསོད་ནམས་སྟོབས་རྒྱལ་གྱི་ནང་མི་ཚང་མས་ཁྱིམ་ན་ཡོད་པའི་རྩམ་པ་ངའི་དཀར་ཡོལ་ནང་དུ་བླུགས་ཀྱི་འདུག ངས་ཀྱང་རྒྱུན་དུ་འབྲས་དང་མོག་མོག་ཁོང་ཚོར་སྤྲོད་ཀྱི་ཡོད། ཁོང་ཚོས་ང་གཉེན་ཉེ་ལྟ་བུར་བརྩིས་པས་ང་རང་ལ་ཡང་ཁྱིམ་དུ་སྡོད་པའི་སྣང་བ་ཞིག་འདུག དེས་ན་བསོད་ནམས་སྟོབས་རྒྱལ་གྱི་ནང་མི་ཚང་མ་དང་དེ་བཞིན་ཉེ་འཁོར་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ནས་ཁོང་ཚོས་ང་ལ“པཱ་ཧྲུའུ་ཅི་ལགས”ཞེས་བྱམས་བརྩེའི་ངང་འབོད་ཀྱི་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་ཀྲུང་དབྱང་དང་གོང་རིམ་གྱི་བཀོད་སྒྲིག་ལྟར། ང་ཚོས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཐོན་སྐྱེད་དམ་འཛིན་བྱ་རྒྱུའི་སྐུལ་སློང་བྱས་པ་དང་ཆུ་ཡུར་བཟོས་ནས་ཆུ་འདྲེན་སྟབས་བདེ་ཡོང་བ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་གྱུར་ཡོད། ཉིན་གཉིས་པར་གྲོང་གསེབ་ཀྱི་ལས་བྱེད་པ་དང་། ཞིང་པ་མང་ཚོགས། ཤིང་བཟོ་མཁས་པ་བཅས་ལས་གྲུབ་པའི་རྩད་ཞིབ་ཐིག་ལེན་ཚོགས་ཆུང་རྡོག་ཐོན་བྱས། ལམ་བར་དུ་མི་ལ་ལའི་རྐང་པ་ཚེར་མས་རྨས་པ་དང་དེའི་ཐོག་ལམ་ཐག་རིང་བ་དང་ས་དབྱིབས་ལ་རྩད་ཞིབ་བྱེད་དགོས་པའི་དབང་གིས་ཚང་མ་བཀྲེས་ལྟོགས་ཀྱིས་མནར་བ་དང་ཆུ་འདྲེན་སར་འབྱོར་དུས་མི་ཚང་མ་ཐང་ཆད་འདུག ཉེ་འགྲམ་གྱི་བོད་རིགས་མང་ཚོགས་ཀྱིས་ང་ཚོ་ལྟོགས་པ་མཐོང་སྐབས་འཕྲལ་མར་རྩམ་པ་དང་ཇ་བསྐྱལ་བྱུང་། མཇུག་མཐར་རྩད་ཞིབ་ཐིག་ལེན་བྱས་པ་བརྒྱུད། ང་ཚོས་ཆུ་ཡུར་བཟོ་རྒྱུའི་ཐག་བཅད་པ་ཡིན། ཚེར་མའི་གསེབ་ནས་ཡུར་བུ་འདྲུས་ཏེ་ཆུ་འདྲེན་པ་དང་གཡང་གཟར་ངོས་སུ་ཤིང་བཟོས་ཆུ་གཞོང་འདེགས་པ་སོགས་ཉེ་འགྲམ་གྱི་བོད་རིགས་མང་ཚོགས་ཀྱང་དེའི་ནང་ཧུར་ཐག་ཞུགས་པ་རེད། ད་ཐེངས་ཆུ་ཡུར་བཟོས་ནས་ཆུ་འདྲེན་པ་དེས་མུའུ་བརྒྱ་ཡི་ཞིང་ཁར་ཕན་ཐོགས་པས་མང་ཚོགས་རྣམས་དགའ་སྤྲོ་ཚད་མེད་སྐྱེས།

    1961ལོའི་ཟླ་10པར། ང་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཁུལ་དུ་མངགས་ནས་མཐའ་སྲུང་ཆུས་ཨུད་ཀྱི་ཧྲུའུ་ཅི་བྱས་པ་ཡིན། དེ་གར་བོད་རིགས་དང་ལྷོ་པ་རིགས་སོགས་མི་རིགས་མང་པོ་ཡོད། འོན་ཀྱང་ས་ཆ་དེར་ཆ་འཕྲིན་གྱི་ཡོང་ཁུངས་གང་ཡང་མེད། མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད། ང་དང་ལས་རོགས་ཚོས་གཞི་རིམ་དུ་ཐེངས་མང་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་མཐར། མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་འགྲོ་འོང་སླར་གསོ་བྱེད་པའི་གོ་སྐབས་བཟང་པོ་འདི་བེད་སྤྱོད་གང་ལེགས་བྱེད་པ་དང་གྲོང་གསེབ་ཀྱི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱི་ཐོག་ནས་གྲངས་འབོར་ཉུང་བའི་ཉོ་ཚོང་བྱེད་མཁན་ལྷོ་པ་རིགས་ཀྱི་མང་ཚོགས་ལ་བོད་དུ་འཛིན་པའི་ཏང་གི་སྲིད་ཇུས་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བྱུང་བའི་འགྱུར་ལྡོག་ཆེན་པོ་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུའི་ཐག་བཅད་པ་ཡིན། འགྲོ་འོང་དང་སྤེལ་རེས་ཐེངས་མང་བྱས་པ་བརྒྱུད། མི་རིགས་མཉམ་འདྲེས་ལ་ཤུགས་སྣོན་ཐེབས་ནས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རོགས་རམ་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད།

    དེའི་རྗེས་ཀྱི་ལོ་འགའི་ནང་། ངའི་བཟའ་ཟླ་དང་ཕྲུ་གུ་ཚོ་ཡང་སྔ་རྗེས་སུ་བོད་དུ་སློབ་སྦྱོང་དང་ལས་ཀ་བྱེད་པར་ཡོང་བ་མ་ཟད། ས་གནས་དེ་གའི་མང་ཚོགས་དང་ཡང་བརྩེ་དུང་ཟབ་མོ་ཆགས་ཡོད། ད་ལྟའི་བར་ངའི་ཚ་བོ་3ཆུ་གསུམ་དང་། སྟེང་ཆེན། ལྷ་ས་བཅས་སུ་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ང་ཚོའི་ནང་མི་ཚོས་བོད་དུ་འཚོ་བ་སྐྱེལ་བའི་སྐོར་གླེང་སྐབས་ཚང་མར་ཚོར་སྣང་ཟབ་མོ་ཡོད། ཕྲུ་གུ་ཚོས་བོད་ཀྱིས་ང་ཚོའི་ཁྱིམ་ལ་དྲོ་སྐྱིད་ལྡན་པའི་དྲན་གསོ་མང་པོ་བཞག་ཡོད་ལ། བླངས་ནས་ཟད་མཐའ་མེད་པ་དང་སྤྱད་ནས་འཛད་མཐའ་མེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཏེ། མཐུན་སྒྲིལ་མཛའ་བརྩེ་དང་། འདྲ་མཉམ་རོགས་རེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྱང་བཞག་པ་གསལ་པོར་རྟོགས་ཀྱི་ཡོད།

    མི་སྣ་ངོ་སྤྲོད།

    ཀུའོ་ཀྲི་ཡུན། ཕོ། ལོ་88 རྒྱ་རིགས། ཧྲན་ཤིས་ཤང་ཧྥེན་བ། 1932ལོར་སྐྱེས། 1948ལོའི་ཟླ་2པར་གསར་བརྗེར་ཞུགས། 1950ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་1959ལོའི་ཟླ་6པར་བོད་དུ་ཡོང་། བོད་དུ་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་རིང་སྔ་རྗེས་སུ་བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་བྱ་ཡུལ་མཐའ་སྲུང་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་། ལྷུན་རྩེ་རྫོང་ཨུད་ཀྱི་ཞིང་འབྲོག་པུའི་པུའུ་ཀྲང་། ལྷོ་ཁ་ས་ཁུལ་སློབ་འབྲིང་གི་སློབ་སྤྱི། ལྷོ་ཁ་ས་ཁུལ་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྷོ་ཁ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་སོགས་ཀྱི་གོ་གནས་འཁུར། 1988ལོར་རྒན་ཡོལ་ཞུས། ད་ལྟ་ཧྲན་ཤིས་ཞིང་ཆེན་ལིན་ཧྥེན་གྲོང་ཁྱེར་ཤང་ཧྥེན་རྫོང་དུ་བསྡད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།