དབུ་ཤོག>གསར་འགྱུར།
  • བྱ་བ་ཆུང་ཙག་སྣ་ཚོགས་ལས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-18

    2002ལོར་དམག་ཆས་ལྗང་ཁུ་གྱོན་ཏེ་ས་མཐོར་སླེབས་པ་ནས་ད་ཆའི་དམག་ཆས་སྔོན་པོ་བརྗེས་པའི་བར་གྱི་བགྲང་བྱ་བཅོ་བརྒྱད་རིང་། ཁུང་ཐེ་ཐེས་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ནས་བསྡད་དེ། དཀའ་སྤྱད་འབད་བརྩོན་དང་། དོ་དོ་ནན་ནན། བྱ་སྤྱོད་དངོས་བཅས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་ལེན་ཐོག་འཁྱོལ་བ་བྱས་ཡོད།

    ཁུང་ཐེ་ཐེ་1983ལོའི་ཟླ་5པར་ཧྲའན་ཤིས་ཤིང་ཕིང་དུ་སྐྱེས། 2001ལོའི་ཟླ་12པར་དམག་ལ་ཞུགས། 2002ལོའི་ཟླ7པར་བོད་དུ་ལས་དོན་སྒྲུབ་པར་མངགས། ད་ཆ་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་རུ་དཔོན་རྒན་པ་ཡིན་ཞིང་། དེ་སྔ“བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་དཔེ་བཟང་གི་སྔོན་ཐོན་མི་སྒེར”དང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    བོད་དུ་སླེབས་མ་ཐག ཁུང་ཐེ་ཐེས་འཐབ་གྲོགས་ཚོ་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་གསུམ་མདོ་ཞིབ་བཤེར་ས་ཚིགས་བསྲུངས་ནས་བསྡད། དེ་གར་ས་བབ་མཐོ་ཚད་སྨི་4350ཟིན་པ་དང་། ས་མཐོའི་ནགས་སྲིད་ལས་སྒྲུབ་སོ་ལྟ་ཁང་དང་པོ་ཞེས་འབོད། དེ་ནི་ཉིང་ཁྲི་ནས་ལྷ་སར་ཤིང་ཆ་དབོར་འདྲེན་བྱེད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་མདོ་ཞིག་རེད།

    གསུམ་མདོ་ཞིབ་བཤེར་ས་ཚིགས་སུ་ལོ་གསུམ་སྡོད་རིང་། ཁུང་ཐེ་ཐེས་ཁོམ་པ་ཡོད་རིམ་བཞིན་དུ་ཉེ་འགྲམ་གྱི་གྲོང་ཚོ་སྐོར་བར་ཕྱིན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོར་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད།

    “ང་ཚོས་ཁོང་ཚོར་བསམ་གཞིག་བྱས་ན་ཁོང་ཚོས་ང་ཚོར་བརྩི་འཇོག་བྱེད་ཀྱི་འདུག”ཅེས་ཁུང་ཐེ་ཐེས་བརྗོད་ལ། ཞིང་འབྲོག་མང་ཚོགས་དང་མཉམ་གཤིབ་བྱས་རྗེས་ཁོང་ཚོའི་དབར་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་པས། ཁོང་གི་ས་མཐོར་ལེགས་སྐྱེས་འབུལ་བའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།

    2019ལོའི་ཟླ་6པར་ཁུང་ཐེ་ཐེ་ནག་ཆུ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་རུ་དཔོན་རྒན་པར་བསྐོས།

    ལས་འགན་ཁུར་མ་ཐག་ཁུང་ཐེ་ཐེར་གྲོང་ཁྱེར་འཕྲལ་སྡོམ་གཞུང་ལས་ཁང་ནས“བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་དགོས་པའི་བརྡ་ཐོ་འབྱོར། མང་ཚོགས་ལ་བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་གང་ལེགས་བྱ་ཆེད། ཁུང་ཐེ་ཐེས་ལ་དུག་ཕོག་པར་མི་བལྟོས་པར་དཔུང་ཁག་གི་སྣེ་ཁྲིད་དེ་དྲིལ་བསྒྲགས་ཀྱི་ཡིག་ཆ་གྲ་སྒྲིག་བྱས། ཚང་མས་ངལ་གསོ་རྒྱག་དགོས་པའི་དྲན་སྐུལ་བྱས་ཀྱང་ཁོང་གིས“འདི་ནི་ང་ཚོའི་འགན་འཁྲི་ཡིན། ངས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་རང་འཁྲིའི་ལས་དོན་ཧུར་ཐག་བསྒྲུབས་ཏེ་མང་ཚོགས་ཚོས་གནོད་འཚེ་ཐོན་སྐབས་ཁ་གཏད་ཡག་པོ་འཇལ་ཆེད། བདེ་འཇགས་འཕྲལ་སྡོམ་གྱི་རྒྱུན་ཤེས་མང་ཙམ་རྒྱུས་མངའ་ལོན་པ་བྱེད་རྒྱུ་ཡིན”ཞེས་བཤད།

    ཁུང་ཐེ་ཐེས་ཁ་ནས་བཤད་པ་བཞིན་དོན་ཐོག་ཏུའང་འཁྱོལ་བར་བྱས་ཡོད། ལོ་བཅོ་བརྒྱད་རིང་ཁུང་ཐེ་ཐེས་སྔ་རྗེས་སུ་མེ་སྐྱོན་ཐོན་ཐེངས་130ལྷག་ཙམ་ནང་ཞུགས་པ་དང་། མེ་ཟོན་གྱི་རྒྱུན་ཤེས་འཆད་ཁྲིད་ཐེངས་100ལྷག་ཙམ་བྱས་པ། རྫོང་དང་ཆུས་ཁག་གི་ནགས་སྲུང་བ་མི་ཐེངས་ཁྲི་2ལྷག་ཙམ་ལ་གསོ་སྦྱོང་བྱས་པ། ཉེན་སེལ་རོགས་སྐྱོབ་གལ་ཆེན་90ལྷག་ཙམ་ནང་ཞུགས་པ། མང་ཚོགས་ཀྱི་རིན་བྲལ་ཚེ་སྲོག་20ལྷག་ཙམ་བསྐྱབས་པ། མང་ཚོགས་ཀྱི་སྒོར་ཁྲི་400ལྷག་ཙམ་རི་བའི་རྒྱུ་ནོར་མྱུར་སྐྱོབ་བྱས་པ་རེད།

    “རིག་པ་རྩེ་གཅིག་ཏུ་བསྒྲིམས་ན་གཞི་ནས་མཐུན་སྒྲིལ་ཐུབ་པ་དང་། བསམ་པ་རྣམ་དག་བྱས་ཚེ་གཞི་ནས་མཛའ་མཐུན་འབྲེལ་བ་འཛུགས་ཐུབ”ཅེས་གཞུང་དོན་ལ་རང་འགན་གཙང་སྒྲུབ་བྱེད་པ་མ་ཟད། ཁུང་ཐེ་ཐེས་བཅའ་སྡོད་མང་ཚོགས་ཀྱི་བྱ་བ་ཆུང་ཙག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    དཔལ་བདེ་ནི་གསེར་རྙེད་ཆུས་ལོ་སྨད་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། ཁོང་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ཡོངས་རྫོགས་བཟའ་ཟླ་ཉི་མ་བློ་བཟང་མི་གཅིག་གི་ཕྲག་སྟེང་དུ་བབས་ཡོད། བཟའ་ཟླའི་ཟླ་རེའི་གླ་ཆ་སྒོར་3000དེ་ཁྱིམ་ཚང་གི་དཔལ་འབྱོར་ཡོངས་ཁུངས་གཙོ་བོར་གྱུར་ཡོད། ཁང་གླ་དང་། ཆུ་རིན། གློག་རིན། བཟའ་ཟླར་ཉོ་དགོས་ངེས་ཀྱི་སྨན་སོགས་ཀྱི་འགྲོ་སོང་བཏང་ན་དངུལ་ཕྲན་བུ་ལས་ལྷག་གི་མེད།

    གནས་ཚུལ་དེ་ཤེས་རྗེས་ཁུང་ཐེ་ཐེས་ཆེད་མངགས་དཔལ་བདེའི་ཁྱིམ་དུ་བརྟག་དཔྱད་བྱེད་པར་བསྐྱོད། དེ་མ་ཐག་ཁོང་གིས་རུ་ཆེན་གྱི་ལས་བྱེད་པ་དང་རྐང་འཛིན་པ་བསྐོངས་ནས་ཚོགས་འདུ་འཚོགས་ཏེ་དཔལ་བདེའི་ཁྱིམ་ལ་རོགས་རམ་བྱེད་རྒྱུའི་སྐོར་ལ་གྲོས་བསྡུར་བྱས། མཐར་རུ་ཆེན་གྱིས་བཀོད་འཐབ་པ་ཚོས་རང་མོས་ཞལ་འདེབས་བརྒྱབ་སྟེ་དཔལ་བདེའི་ཁྱིམ་ལ་འཚོ་བའི་མཁོ་ཆས་ཉོ་རྒྱུ་དང་། ཁུང་ཐེ་ཐེས་ཟླ་རེར་དཔལ་བདེའི་ཁྱིམ་ལ་འཚོ་བའི་ཁ་གསབ་སྒོར་500རེ་སྤྲོད་རྒྱུའི་ཐག་བཅད།

    གཟའ་མཇུག་ཏུ་སླེབས་རིམ་བཞིན་ཁུང་ཐེ་ཐེས་དཔལ་བདེའི་ཁྱིམ་དུ་འགྲོ་བ་དང་། སྐབས་རེ་གཟའ་མཇུག་སྐབས་ཕྲུ་གུ་རུ་ཆེན་དུ་ཁྲིད་ཡོང་གི་ཡོད། ད་དུང་ཕྲུ་གུའི་གཟུགས་པོ་འཁྲུད་རོགས་དང་། ཕིང་ཕང་སྤོ་ལོ་རྒྱག་སྟངས་སོགས་སློབ་ཀྱི་ཡོད། དུས་ཡུན་རིང་པོ་སོང་རྗེས་དཔལ་བདེའི་གྲོང་པ་ཁྱིམ་མཚེས་ཚོས་ཁུང་ཐེ་ཐེར་རྒྱུས་མངའ་བྱུང་ཡོད། ཁུང་ཐེ་ཐེ་དཔལ་བདེའི་ཁྱིམ་ལ་སླེབས་རིམ་བཞིན་གྲོང་པ་ཁྱིམ་མཚེས་ཚོས་ཁོང་ལ་མཐེ་བོང་སྒྲེང་བཞིན་བསྔགས་བརྗོད་བྱེད་ཀྱི་ཡོད།

    གཟའ་མཇུག་ཅིག་ལ་ཁུང་ཐེ་ཐེ་དཔལ་བདེའི་ཁྱིམ་ལ་འཚམས་འདྲིར་སླེབས། སྒོ་འགྲམ་དུ་རང་ཉིད་བསུ་བར་སླེབས་པའི་དཔལ་བདེ་དང་ཕྲུ་གུ་ཚོ་མཐོང་མ་ཐག་ཁོང་གིས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་དཔལ་བདེའི་བུ་མོ་ཆུང་བ་པང་ཁར་བླངས། དེ་དུས་བུ་མོས་ཁུང་ཐེ་ཐེར“ཨ་ཕ”ཞེས་འབོད།

    དུས་དེ་ནས་བཟུང“ཨ་ཕ”ཞེས་པ་དེ་ཁུང་ཐེ་ཐེའི་མིང་ཚབ་ཏུ་གྱུར། དཔལ་བདེའི་ཁྱིམ་དུ་སྐྱོད་རིམ་བཞིན་གྲོང་པ་ཁྱིམ་མཚེས་ཀྱི་ཕྲུ་གུ་ཚོས་ཀྱང་ཁུང་ཐེ་ཐེར“ཨ་ཕ་ཁུང་ལགས་སླེབས་བྱུང”ཞེས་འབོད་ཀྱི་ཡོད།

    ཁུང་ཐེ་ཐེས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། དམག་དཔུང་དང་ས་གནས་དབར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།