“རྒན་ཁྲེང་ཆི་ནི་ངའི་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན། ངས་རྫས་འགྱུར་རིག་པ་ཡག་པོ་སྦྱངས་ཏེ་གསོ་རིག་སློབ་གླིང་ལ་རྒྱུགས་སྤྲོད་ཀྱི་ཡིན་ལ། སློབ་གྲྭ་ཐོན་རྗེས་སྨན་པ་ཞིག་བྱས་ནས་མི་དམངས་མང་ཚོགས་ལ་ཕན་བདེ་སྐྲུན་གྱི་ཡིན”ཞེས་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཡོན་ཏན་བཟང་པོས་བརྗོད།
ཡོན་ཏན་བཟང་པོས་བཤད་པའི་རྒན་ཁྲེང་ཆི་ནི་ཀྲེ་ཅང་ཧང་ཀྲོའུ་ཞུའེ་ཅུན་སློབ་འབྲིང་ནས་ཡིན་ཞིང་། ལོ་ལྔ་བཅུར་སླེབས་གྲབས་ཡོད་པའི་བོད་སྐྱོར་རྫས་འགྱུར་རིག་པའི་དགེ་རྒན་ཞིག་རེད། ཁྲེང་ཆིས་སློབ་གསོའི་བྱ་གཞག་གཉེར་བའི་ལོ་30རིང་བོད་དུ་རོགས་སྐྱོར་བྱེད་པར་ཐེངས་ལྔ་སླེབས་པ་དང་། 2016ལོའི་སྟོན་ཁ་ཁྲེང་ཆི་བོད་དུ་ཡོང་ཐེངས་ལྔ་པ་དེ་ཡིན་པ་དང་དེའི་རིང་ནག་ཆུའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་པ་རེད།
2016ལོའི་གོང་གི་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གི་དངོས་ལུགས་རྫས་འགྱུར་ཚོད་ལྟ་ཁང་དུ་སྦག་བཙོག་ཕྱིར་འབུད་དང་མཁའ་རླུང་བརྗེ་བའི་སྒྲིག་ཆས་མེད་ལ། སྨན་རྫས་དག་ཤིང་སྒམ་ནང་དུ་འཇོག་གི་ཡོད་པ་དང་ཚོད་ལྟ་བྱེད་སའི་སྟེགས་བུར་བཙའ་བརྒྱབ་པ་དང་། ཐོག་པང་གང་སར་སྡོམ་ཐག་མཐོང་རྒྱུ་ཡོད་པ་རེད། ཁྲེང་ཆིའི་ཉིན་ཐོའི་ནང“ང་རང་ཚོད་ལྟ་ཁང་དུ་སླེབས་མ་ཐག་པའི་སྐབས་སུ་ཚོད་ལྟའི་མཁོ་ཆས་ཉོ་སྒྲུབ་ཀྱི་གྲོན་དངུལ་དཀོན་པོ་ཡོད་པས་ཚོད་ལྟ་ཁང་ནི་མཛོད་ཁང་ལྟ་བུར་གྱུར་ནས་སྒྲིག་ཆས་སྣ་ཚོགས་ཀྱིས་ཁེངས་ཤིང་། བེད་མེད་ཀྱི་སྒྲིག་ཆས་ཐོག་ས་རྡུལ་གྱིས་ཁེངས་འདུག”ཅེས་བྲིས་ཡོད་པ་རེད།
རྫས་འགྱུར་རིག་པའི་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེང་ཆིས་ཚོགས་མི་ཚོའི་སྣེ་ཁྲིད་དེ་ཕྱོགས་གཅིག་ནས་ཚན་རིག་ཚོད་ལྟའི་མཛུབ་ཁྲིད་སློབ་ཚན་ལྟར་དཔྱད་ཆས་དང་སྨན་རྫས་འཇོག་སའི་ཁུལ་བསྐྱར་དུ་བཀོད་སྒྲིག་བྱས་ཤིང་། ཨར་འདམ་གྱིས་འབར་གས་སླ་བ་དང་ཡལ་སླ་བའི་སྨན་རྫས་ཀྱི་ཆེད་སྒྲོམ་བཟོས་ཤིང་། ཕྱོགས་གཞན་ཞིག་ནས་དཔྱད་ཆས་ཀྱི་བྱེད་ནུས་དང་ནུས་པར་གཞིགས་ནས་རིགས་དབྱེ་ནས་འཇོག་པ་དང་། དགེ་རྒན་ཚོས་རླངས་གཟུགས་འཚོལ་བསྡུ་དང་། སྲེག་དམ། སྐྱུར་བུལ་སྦུ་གུ་བཅས་བཀོལ་སྤྱོད་བྱེད་པའི་གཙོ་གནད་ཐད་ཆེད་མངགས་གསོ་སྦྱོང་བྱས་པ་རེད།
དེ་རྗེས་ཁྲེང་ཆིའི་མཐུན་སྦྱོར་ཧུར་ཐག་འོག་རྫས་འགྱུར་རིག་པ་ཚོད་ལྟ་ཁང་འཛུགས་སྐྲུན་གྱི་མ་དངུལ་རག་པ་རེད། ཅང་སུའུ་དང་ཀྲེ་ཅང་གི་གཅེས་སེམས་ཁེ་ལས་ཀྱིས་སློབ་གྲྭར་མཁོ་བའི་རྫས་འགྱུར་སྨན་རིགས་དང་དཔྱད་ཆས་ཁ་ཤས་ཞལ་འདེབས་བརྒྱབ་པ་རེད། ཁྲེང་ཆིས་ད་དུང་སློབ་གྲྭའི་སློབ་གཉེར་ལོ་རྒྱུས་དང་། བོད་མི་རིགས་ཀྱི་འཚོ་བའི་གོམས་གཤིས། བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སོགས་ལ་རང་འགུལ་ངང་རྒྱུས་ལོན་བྱས་ཤིང་། སློབ་མའི་རོགས་རམ་འོག་ཁོང་གིས་ད་དུང་ཇ་བསྲུབས་མ་བཟོ་བ་དང་། ཚགས་ཤ་སྙོལ་བ། བོད་བཟོའི་ཚལ་རྔོ་སྟངས་བཅས་སྦྱོང་གི་ཡོད། ལོ་རེའི་ལྔ་པའི་ཚེས་ལྔའི་དུས་ཆེན་དང་། ཟླ་མཆོད་དུས་ཆེན། དཔྱིད་གསར་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་གྱི་སྐབས་སུ་ཁོང་གིས་སློབ་མ་ཚོ་ཁྱིམ་དུ་སྐད་བཏང་ནས་ཕ་ཡུལ་གྱི་འབྲས་ཆན་དང་ཟླ་མཆོད་བག་ལེབ་སོགས་ཞིམ་ཟས་ལ་རོལ་བ་དང་འབྲེལ་དུས་ཆེན་དེ་དག་གི་འབྱུང་ཚུལ་ཤོད་པ་དང་འབྲེལ་ཡོད་སྙན་ངག་གྱེར་འདོན་བྱེད་ཀྱི་ཡོད་པ་རེད། སློབ་མ་ཚོས་རྒན་ལགས་ལ་བཀའ་དྲིན་ཞུ་ཆེད་ཁོང་གི་འདྲ་པར་ཉལ་ཁང་གི་གྱང་ངོས་སུ་བཀལ་ཡོད་པ་དང་སློབ་མ་ལ་ལས་ཐ་ན་དངུལ་ཁུག་དང་རང་ཁྱིམ་གྱི་སྔས་སྒྲོམ་སྟེང་ཁོང་གི་པར་འཇོག་གི་ཡོད། “ང་ནི་བོད་སྐྱོར་དགེ་རྒན་ཞིག་ཡིན་པས་ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱས་ཏེ་སློབ་མ་ཚོར་མེས་རྒྱལ་གྱི་རླབས་ཆེན་དང་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཁྲེང་ཆིས་བརྗོད་པ་རེད།