དབུ་ཤོག>གསར་འགྱུར།
  • ལོ་རྒྱུས་རྗེས་ཤུལ་གྱི་གསལ་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-15

    བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་སྟར་པ་མང་པོའི་དབུས་སུ་ཐང་ཆེན་གཅིག་ཡོད་པ་དང་། ཐང་ཆེན་གྱི“མཐུན་སྒྲིལ་ལྗོན་ཤིང”གི་ལོ་མ་ཕྱེད་ཀ་སྔོ་ཐིང་ངེ་དང་ཕྱེད་ཀ་སེར་ཐིང་ངེར་ཡོད་པ་རེད།

    “མཐུན་སྒྲིལ་ལྗོན་ཤིང”གི་འགྲམ་དུ་བསྐྱོད་ནས་ལྟ་དུས། ལྗོན་ཤིང་གཉིས་ཡིན་པ་དང་། ལོ་མ་སྔོན་པོ་ནི་སྦྱར་པ་དང་། སེར་པོ་ནི་ལྕང་མ་རེད་འདུག ལྗོན་ཤིང་དེ་གཉིས་དམ་པོར་འབྲེལ་ཡོད་པས། མི་རྣམས་ཧང་སང་དགོས་པ་ཞིག་ཡོད། ཤོད་རྒྱུན་ལ་ལྗོན་ཤིང་དེ་གཉིས་ནི་ཤོ་པ་མདོ་གྲོང་རྡལ་དུ་རྒྱ་བོད་གཉེན་སྒྲིག་བྱེད་མཁན་དང་པོའི་ཁྱོ་ཤུག་གིས་མཉམ་དུ་བཏབ་པ་ཞིག་ཡིན་པ་དང་། ལྗོན་ཤིང་དེ་གཉིས་བཏབ་ནས་ཁོ་གཉིས་ཀྱི་བརྩེ་དུང་གཏམ་རྒྱུད་ལ་དྲན་གསོ་བྱེད་ཀྱི་ཡོད།

    ལོ་བརྒྱ་ཕྲག་ཁ་ཤས་ནང་། ལྗོན་ཤིང་དེ་གཉིས་རྩ་བ་བརྟན་པོ་ཚུགས་པ་དང་ལོ་འདབ་རྒྱས་ནས་འགྱིང་ངེར་གནས་ཡོད། ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་མི་རྒན་རྣམས་ངལ་གསོས་ནས་སྡོད་པ་དང་ཕྲུ་གུ་ཚོ་དེའི་ཉེ་འཁོར་དུ་རྩེད་འཇོར་རོལ།

    ས་གནས་དེ་གའི་ལས་བྱེད་པས་ངོ་སྤྲོད་བྱས་དོན། དུས་ཆེན་དང་ངལ་གསོའི་ཉིན་མོ་འཆར་རིམ་བཞིན། གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་དེར་ལྷན་དུ་འཛོམས་ནས་ཤོ་པ་མདོའི་སེང་རྩེད་ལ་ལྟ་ཞིང་། སྐད་ཤུགས་ཆེ་བའི་རྔ་སྒྲ་དང་བསྟུན་ནས་ན་གཞོན་གཅིག་གིས་མདུན་དུ་སྣེ་ཁྲིད་པ་དང་། ན་གཞོན་གཞན་གཉིས་ཀྱིས་སེང་གེའི་ཆས་སྤྲས་ནས་སེང་རྩེད་རྩེད་དེ་འགྲེ་ལོག་ཡང་སེ་རྒྱག་པས་ལྟད་མོ་བ་ཚོས་དགའ་བསུ་ཚད་མེད་ཞུ་གི་ཡོད།

    “ཤོ་པ་མདོའི་སེང་རྩེད་ནི་ས་གནས་དེ་གའི་རལ་པ་འཁྲབ་མཁན་དང་ནང་སའི་སེང་རྩེད་རིག་གནས་ཟུང་འབྲེལ་བྱས་པ་ལས་བྱུང་བ་ཞིག་རེད། འདི་ནི་བོད་རྒྱ་མི་རིགས་དབར་འགྲོ་འོང་དང་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་དཔང་པོ་ཞིག་རེད”ཅེས་ཤོ་པ་མདོ་གྲོང་ཚོའི་ཡུལ་མི་དོན་པ་ཨ་ཉིས་བརྗོད་པ་དང་། ཁོང་ཁྱིམ་གྱི་མི་རབས་ཁ་ཤས་ཀྱིས་སེང་རྩེད་འཁྲབ་རྩལ་རྒྱུན་འཛིན་བྱས་ཡོད།

    རྒྱ་མོ་རྔུལ་ཆུ་རྒྱུག་ཁུལ་དུ་གནས་པའི་ཤོ་པ་མདོ་གྲོང་རྡལ་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ཡོད་པས། ལོ་རྒྱུས་ཐོག་བོད་རྒྱ་མི་རིགས་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཤོ་པ་མདོ་ནི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། 《ལྷོ་རོང་རྫོང་གི་ལོ་རྒྱུས》ནང་འཁོད་པར་གཞིགས་ན། ཆིང་རྒྱལ་རབས་གོང་མ་ཡུང་ཀྲེང་གི་དུས་སུ་བོད་དུ་སྐྱོད་མཁན་ཆིང་དམག་ཉིས་སྟོང་ལྷག་ཙམ་ཤོ་པ་མདོ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དང་། རྗེས་སུ་རྒྱ་རིགས་དམག་མི་ཁ་ཤས་དང་ས་གནས་དེ་གའི་བོད་རིགས་བུ་མོ་གཉེན་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོ་པ་མདོ་གྲོང་རྡལ་དུ་ཡུན་རིང་གྲགས་ཡོད།

    ཐང་བོད་གནའ་ལམ་དང་ཁྲོན་བོད་གནའ་ལམ་བརྒྱུད་དགོས་ངོས་ཀྱི་ས་ཆ་བོད་ཤར་རྒྱུད་ནི་སྔར་ནས་བཟུང་རྒྱ་བོད་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་བར་ཁྱམས་ཤིག་ཡིན་པས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད།

    རྫ་ཆུ་རྒྱུག་ཁུལ་དུ་གནས་པའི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་བོད་རིགས་དང་། རྒྱ་རིགས། ནེ་པ་ལ་བཅས་ཀྱི་རྣམ་པ་གཞི་གཅིག་ཏུ་འདུས་པའི་རེད་མདའ་བྲག་ལྡེབས་ལ་ལོ་ངོ་1200ལྷག་གི་ལོ་རྒྱུས་ལྡན་ཡོད།

    རྡོ་བརྐོས་སྲུང་སྐྱོང་རྗེས་ཤུལ་དུ་སྐྱོད་སྐབས་བྲག་ལྡེབས་ངོས་ཀྱི་ལྡེར་སྐུ་དེ་དག་ཇི་མ་ཇི་བཞིན་སྣང་ཞིང་། རི་མོ་སྣ་ཚོགས་ལས་མི་རིགས་མི་འདྲ་བའི་རིག་གནས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་མངོན་ཡོད། ལྡེར་སྐུའི་འོག་ཏུ་བོད་ཡིག་གི་བརྐོས་དང་རྒྱ་ཡིག་ཡིག་འབྲུ་བཅུ་ལྷག་ཙམ་བརྐོས་ནས་བོད་རྒྱའི་བཟོ་པའི་མིང་སོགས་བཀོད་ཡོད། རིགས་གཅིག་མཁས་ཅན་གྱིས་ར་སྤྲོད་ཁུངས་འཚོལ་བྱས་པར་གཞིགས་ན། ལྡེར་སྐུ་དེ་དག་ཐུ་བོད་སྐབས་ཐང་རྒྱལ་རབས་ཀྱི་བཟོ་པ་དང་ཐུ་བོད་ཀྱི་བཟོ་པས་མཉམ་དུ་བརྐོས་པ་ཞིག་རེད།

    “རྡོ་བརྐོས་དེར་ཐུ་བོད་སྐབས་ཀྱི་ཆབ་སྲིད་དང་། ཁྲིམས་ལུགས། དཔལ་འབྱོར། ཆོས་ལུགས། བརྐོས་དཀྲོལ་སྒྱུ་རྩལ། བོད་ཡིག་ཡིག་གཟུགས་། བོད་མིའི་རུས་མིང་། ཐང་བོད་དབར་གྱི་འབྲེལ་བ་སོགས་ཞིབ་འཇུག་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས། ད་ཆ་ཡུལ་དེ་གའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད”ཅེས་བྱམས་མདུན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཀྲའོ་ཡུས་ལིན་གྱིས་བརྗོད།

    ད་ཕན་ལོ་ཤས་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་སྐྲུན་པའི”བྱེད་སྒོ་མཐའ་འཁྱོངས་སྤེལ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པ་དེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཏུ་བརྩི་བ་དང་། སྤོ་རུང་བའི་རིག་དངོས་ཡོངས་བཤེར་བྱས་ནས་དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་དང་། ཀརྨ་སྒར་བྲིས་ཀྱི་ཐང་ག པོ་ལོའི་ཤིང་བརྐོས་བཅས་རྒྱལ་ཁབ་ཀྱི་བོད་རིགས་དང་། ཆའང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་རྣམ་གྲངས་སོགས་སུ་བཅུག་པ། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་བར་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།