“2018ལོར། ང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པ་དང་ལོ་དེའི་ཟླ་4པར་བོད་ལྗོངས་སུའུ་ཚོང་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལས་ཀ་བྱས་པ་ཡིན། 2018ལོའི་ལོ་མཇུག་ནས་བཟུང་ངར་བྱ་གཞག་གསར་གཏོད་ཀྱི་བསམ་པ་ཡོད། 2019ལོའི་ལོ་འགོར། ལས་གཏོད་ལམ་བུ་བདམས་པ་དང་དུས་ཐུང་ལོ་གཉིས་ལྷག་ཙམ་ནང་ངས་འགྲོ་འདོད་པའི་ལས་ཀ་དཔེར་ན། གཞུང་ཞབས་པའི་རྒྱུགས་གཏོང་བ་དང་ཕ་ཡུལ་དུ་ལོག་ནས་བུ་བཅོལ་ཁང་གི་དགེ་རྒན་བྱེད་པ་སོགས་བསམ་བློ་མང་པོ་བཏང་བ་ཡིན། ཡིན་ནའང་ད་ཆ་ངས་ཡོད་ཚད་བློས་བཏང་བ་ཡིན། རྒྱུན་འཁྱོངས་བྱེད་པ་ནི་དངོས་གནས་ལས་སླ་པོ་ཞིག་མི་འདུག བྱ་གཞག་གསར་གཏོད་བྱེད་པའི་དུས་ཡུན་ཐུང་ཡང་། དེའི་རིང་ངས་ཀྱག་ཀྱོག་མང་པོ་བརྒྱུད་མྱོང་ལ་རྒྱུན་ཆད་མེད་པར་འཚར་ལོངས་ཡང་འབྱུང་བཞིན་ཡོད། ད་ཆ་ང་སུའུ་ཚོང་བོད་ལྗོངས་སློབ་ཆེན་སློབ་མའི་ལས་གཏོད་མཉམ་གཉེར་པ་ཞིག་ཡིན། མ་འོངས་པར་ངས་མཉམ་འབྲེལ་ཚོགས་པའི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་དང་། དཀའ་ངལ་ཁྱད་བསད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ལས་གཏོད་ཀྱི་སྐོར་རྗོད་སྐབས། ཕ་ཡུལ་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་བསྟན་འཛིན་ཆོས་སྒྲོན་གྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད་པ་མ་ཟད། འབྱུང་འགྱུར་ལ་ཡང་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག
“འདི་ལོའི་ཟླ་8པའི་ཟླ་དཀྱིལ་དུ‘སུའུ་ཚོང་བོད་ལྗོངས་སློབ་ཆེན་སློབ་མའི་མཉམ་གཉེར་པའི་འཆར་གཞིའི’ཡོངས་བསྒྲགས་ཚོགས་འདུ་དང་ཙང་ཡོན་ལག་ལེན་རྟེན་གཞི་འགོ་ཚུགས་ཤིང་། རྣམ་གྲངས་ལག་ལེན་བསྟར་རྗེས། དུས་མཚམས་དང་པོར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་50ལས་གཏོད་ལས་ཞུགས་ཐུབ་པ་རེད”ཅེས་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་བསྟར་སྤྱི་ཁྱབ་གཞོན་པ་ཨོའུ་དབྱང་ཁྲང་ཅུན་གྱིས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། 2004ལོར་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སི་སྟག་རྩེ་བཟོ་ལས་གླིང་དུ་བཅའ་སྡོད་བྱས་ཚུན། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ཅང་སུའུ་བོད་སྐྱོར་སྐབས་རིམ་བྱུང་སོགས་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་འོག ཁེ་ལས་དེ“རྒྱལ་ཁབ་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས། བོད་ཀྱི་ཞིང་འབྲོག་ཐོན་ལས་གཉེར་སྐྱོང་སྣེ་འདྲེན་ཁེ་ལས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས”བཅས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ཡོད། ཅང་སུའུ་བོད་སྐྱོར་གྱིས་ཁེ་ལས་ཀྱི་ནས་ཐོན་ལས་རྣམ་གྲངས་དང་དེ་བཞིན་སུའུ་ལྷ་མ་དངུལ་སོགས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། ཀུང་སི་དེས་སྔ་རྗེས་སུ་སྲོལ་རྒྱུན་གྱི་ནས་ཆང་དང་། ནས་ཀྱི་སྦི་རག རྩམ་པ། ནས་མུག་སོགས་ཀྱི་ཐོན་རྫས་རྣམ་གྲངས་བསྐྲུན་པས། ཁེ་ལས་ཀྱི་ལོ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལ་ཉེ་བ་ཟིན་པ་དང་། ས་གནས་དེ་རང་ནས་ལོ་རེར་ཆ་སྙོམས་ཏུན་2200སྐུལ་ཁྲིད་བྱས་པ། ནས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་1050ཟིན་པ། ས་གནས་དེ་གའི་ཞིང་འབྲོག་པ་དང་སློབ་ཆེན་སློབ་མ་126ལས་ཞུགས་ཐུབ་ནས་ལོ་རེར་ཆ་སྙོམས་ཞིང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་800ཟིན་པ་བཅས་རེད།
ད་ལོར་རིམས་ནད་ཐོན་རྗེས། ཅང་སུའུ་ཡིས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སུའུ་ཚོང་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ལ་འདི་ལོའི་དཔལ་འབྱོར་ལྡོག་འཕར་ལ་རོགས་རམ་བྱས་པས་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཅང་སུའུ་བོད་སྐྱོར་གྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་རིམས་འགོག་མི་སྣར་དོ་དམ་ཚོད་འཛིན་དང་རིམས་འགོག་དངོས་རྫས་གྲ་སྒྲིག་ཡག་པོ་བྱེད་རོགས་བྱས་ཏེ། ཁེ་ལས་ཀྱི་ལས་བཟོའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད། ཕྱོགས་མང་པོ་ནས་ཁེ་ལས་ཀྱི་ཐོན་སྐྱེད་དངོས་ཟོག་གི་མ་བཅོས་རྒྱུ་ཆ་དམིགས་སར་འབྱོར་བར་མཐུན་སྦྱོར་བྱས་ཏེ། ཐོན་སྐྱེད་དངོས་རྫས་དཀོན་པའི་རྩ་བའི་གནད་དོན་ཐག་གཅོད་བྱས་པ་རེད། ཟླ་7པའི་ཟླ་མཇུག་བར། བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རྣམ་པ་བཟང་པོ་ཡོད་པ་དང་། ཟླ་དང་པོ་ནས་དྲུག་པའི་བར་ཐོན་ཚོང་རིན་ཐང་སྒོར་ཁྲི་3336ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་13.5%འཕར་བ་དང་སྔོན་དཔག་བྱས་ན། ལོ་ཧྲིལ་པོའི་ཐོན་ཚོང་རིན་ཐང་ན་ནིང་དང་བསྡུར་ན་20%འཕར་རྒྱུ་ཡིན་པ་རེད།
འཕར་ཚད་ཀྱི་ཡོང་ཁུངས་གཙོ་བོ་ནི་ཐོན་རྫས་གསར་པ་གསར་སྤེལ་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་བྲིན་ཚོང་ལས་བྱུང་བ་ཞིག་རེད། ཅང་སུའུ་བོད་སྐྱོར་གྱིས་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིར་དྲ་ཐོག་ཚོང་དོན་གྱི་བྲིན་ཚོང་ལས་སྟེགས་སྐྲུན་རོགས་བྱས་ནས་ཁྲོམ་རའི་བྲིན་ཚོང་ཐད་ནུས་ཤུགས་བཏོན་ཅིང་། དྲ་ཐོག་ཚོང་དོན་ལས་སྟེགས་སུ་དྲ་ཐོག་ཚོང་ཁང་མགྱོགས་མྱུར་བཙུགས་ནས་ཁྱུག་དབྱིངས་དང་དྲ་ཐོག་གྲགས་ཅན་གྱི་ཐད་གཏོང་བརྒྱུད་དངོས་ཟོག་འཚོང་གི་ཡོད་པ་རེད། ད་ཆ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དུ་ཏུན་3500ཟིན་པའི་མཛོད་ཉར་ཟོག་འགྲེམས་ལྟེ་གནས་བསྐྲུན་ནས་ཁེ་ལས་ཀྱི་ཐོན་རྫས་བོད་ནས་ཐོན་དཀའ་བ་དང་། སྐྱེལ་འདྲེན་དུས་ཡུན་རིང་བ། ཟོག་འགྲེམས་མ་གནས་མཐོ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།
ཅང་སུའུ་བོད་སྐྱོར་དང་སྲིད་གཞུང་སྡེ་ཚན་དབར་འབྲེལ་ཟམ་བཙུགས་པ་བརྒྱུད། དངུལ་རྩའི་སྡེ་ཚན་དང་ཐོན་ལས་རྣམ་གྲངས་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཁེ་ལས་ལ་འཁོར་རྒྱུག་མ་དངུལ་ཁག་གཅིག་ཐག་གཅོད་བྱས་ཡོད། ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག་ནས་མངགས་ཐོའི་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་བྱས་པ་བརྒྱུད། འདི་ལོ་བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30དང་དེ་བཞིན“ས་ངན་ཡུག་ཁུལ”གྱི་གནས་སྤོས་དུད་ཚང་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས། ནས་ཏུན་6000ཙམ་གཞན་སྒྱུར་བྱེད་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག སྟག་རྩེའི་ཅང་སུའུ་བོད་སྐྱོར་འགོ་ཁྲིད་ཀྱི་མཛུབ་ཁྲིད་འོག་ཁེ་ལས་ཀྱིས་བཟོ་ལས་ཡུལ་སྐོར་རྣམ་གྲངས་ཧུར་ཐག་གཏོད་བཞིན་ཡོད་པ་དང་འབྲེལ་རིམ་བཞིན་སྒོ་མོ་འབྱེད་བཞིན་ཡོད་པ་རེད།
ཅང་སུའུ་ཡིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་སྟག་རྩེ་ཆུས་ཨུད་དང་། ཆུས་སྲིད་གཞུང་། འབྲེལ་ཡོད་ཚན་པ་བཅས་ཀྱི་མཛུབ་ཁྲིད་འོག རྒྱལ་ནང་དུ་ལོག་པའི་ཕྱི་སྦྱོང་སློབ་མས་བཏོད་པའི“བོད་ལྗོངས་དབྱི་ལུན་ལས་གཏོད་མ་འཇོག་དོ་དམ་ཚད་ཡོད་ཀུང་སི”ནང་འདྲེན་བྱས་ཏེ་བོད་ཀྱི་སློབ་ཆེན་8དང་མཉམ་ལས་བྱས་ནས། སློབ་ཆེན་སློབ་མའི“གཉིས་གཏོད”ལག་ལེན་རྟེན་གཞི་བསྐྲུན་པ་དང“པ་ལིའི་སྦི་རག་གི་རྒྱུད་འབྲེལ་མྱོང་རོལ་ལྟེ་གནས”ཀྱི་ལས་གཏོད་ལས་སྟེགས་བསྐྲུན་ཡོད། མིག་སྔར། བོད་ལྗོངས་ཙང་ཡོན་ནས་ཚན་རྩལ་ཚད་ཡོད་ཀུང་སིས་སློབ་ཆེན་སློབ་མའི“གཉིས་གཏོད”འཁོར་ཁང་2བསྐྲུན་པ་དང་སློབ་ཆེན་སློབ་མའི་ལས་གཏོད་བྱ་གཞག་པུའུ་12སྐྲུན་བཞིན་ཡོད་པ་རེད།