དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-24

    1990ལོར། རང་ལྗོངས་ཀྱིས་ལོ་རེའི་ཟླ་དགུ་པ་དེ“མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ཤིང་། ལོ་30ཡི་རིང་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།

    ལྷ་ས་གྲོང་ཁྱེར་འདི་ཉིད་2013ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁག་དང་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན(ཚོད་ལྟ་བྱེད་གནས)གྲོང་ཁྱེར་དུ་འཛུགས་གཏོད་ཀྱི་གཏན་འཁེལ་བྱས་ཚུན། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལྷ་སའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གསར་པ་གལ་ཆེན་ནུས་ཤུགས་ཡོད་རྒུས་དམ་པོར་བཟུང་བའི་ཁར། མི་རིགས་མཐུན་སྒྲིལ་དེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྔོན་དུ་བཀོད་སྒྲིག་དང་གནས་ཚད་མཐོ་པོས་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ལ་2016ལོའི་ཟླ་12ཚེས་19ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”ཞེས་མིང་བཏགས་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་རྐྱང་ཞིག་སྔར་བས་བཏོད་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ”མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ལ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ལྟེ་བའི་ལས་དོན་དང་དུས་གཅིག་ཏུ་ཇུས་འགོད་དང་། བཀོད་སྒྲིག དོན་འཁྱོལ། ཞིབ་བཤེར་བཅས་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ནང་དོན་གཙོ་བོར་དམ་པོར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཀུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་དམ་པོར་དམིགས་པ་དང་། ལོ་འཁོར་གྱི་མི་རིགས་མཐུན་སྒྲིལ་ཟླ་བའི་ལས་འགན་དང་དམིགས་ཚད་ལ་དམ་པོར་དམིགས་པ། དྲང་ཕྱོགས་ནས་ཁྲིད་སྟོན་མཐའ་འཁྱོངས་བཅས་བྱས་ཏེ། དྲིལ་བསྒྲགས་སློབ་གསོ་དང་སྤྱི་ཚོགས་སེམས་ཁམས་དབར་གྱི་མཐུན་ཆ་དང་། དྲིལ་བསྒྲགས་སློབ་གསོ་དང་མི་རིགས་ཀྱི་བརྩེ་དུང་དབར་གྱི་མཐུན་ཆ། དྲིལ་བསྒྲགས་སློབ་གསོ་དང་མང་ཚོགས་ཀྱི་ཁེ་ཕན་དབར་གྱི་མཐུན་ཆ་བཅས་ནན་ཏན་བཙལ་ནས་རྣམ་པ་སྣ་ཚོགས་པ་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རིམ་རྩིས་བྱས་ན་ཆིག་ཁྲི་ལྷག་ཙམ་སྤེལ་བ་དང་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། ལོ་30ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་མི་རིགས་སྲིད་ཇུས་ནན་ཏན་ངང་ལག་ལེན་མཐར་ཕྱིན་བསྟར་བ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ལས་དོན་གྱི་ལག་བསྟར་ཇུས་གཞི》དང་། 《ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱ་ཐབས་ལག་བསྟར་ཞིབ་སྲོལ》 《ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དཔྱད་བསྡུར་ཞིབ་སྲོལ》 《ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》སོགས་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱི་འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཁག་དང་ཚན་པ་ཁག་གིས་རང་ངོས་ཀྱི་འགན་ནུས་ལ་གཞི་བཙུགས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ནག་ཆུ་གྲོང་ཁྱེར་ཏང་ཨུད་དྲིལ་བསྒྲགས་པུས་འཛུགས་གཏོད་སྣེ་ཁྲིད་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མེ་འཁོར་བབས་ཚུགས་དང་རྒྱལ་ལམ་109ཡི་ནག་ཆུ་དུམ་བུ་སོགས་ཀྱི་འཛུགས་གཏོད་སྦྱར་ཡིག་བརྗེ་བའི་ལས་དོན་ལེགས་པར་བསྒྲུབས་པ་དང་། མཐའ་མཚམས་སྲུང་སྐྱོང་དང་དམག་དམངས་མཐུན་སྒྲིལ་སོགས་ཀྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་ཧུར་ཐག་བྱས་པ། བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་ཀྱི་ནང་དོན་དང་བྱ་ཐབས་ཕུན་སུམ་ཚོགས་སུ་མུ་མཐུད་བཏང་སྟེ། “འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་ལེན། དམག་དམངས་སེམས་པ་གཅིག་གིས་ཕུགས་འདུན་སྒྲུབ”ཅེས་པ་དང་། “ཡར་ལངས་ཞིང་བྲན་གྱིས་གླུ་ཞིག་ལེན”ཞེས་པ། “ལོ་ངོ་70འབད་འབུངས་བྱས། བྱང་ཐང་གསར་པ་ཧུར་ཐག་སྐྲུན”ཞེས་པ་བཅས་ཀྱི་རིག་རྩལ་སྐོང་འཁྲབ་དང“འོད་སྟོང་འཕྲོ་བའི་ལོ་ངོ་70བདེ་སྐྱིད་ལྡན་པའི་ནག་ཆུ་ཁ”ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་བྱང་ཐང་གི་ས་མཐོ་ཡོངས་སུ་བཞད་པར་བྱས་པ་དང་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་སྦྲེལ་བར་བྱས་ཡོད།

    1994ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་དང་དཔེ་མཚོན་འབོར་ཆེན་ཞིག་སྔོག་འདོན་དང་གསོ་སྐྱོང་ཧུར་ཐག་བྱས་པ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང་བཅས་རིམ་པའི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་887དང་སྔོན་ཐོན་མི་སྒེར་1319ཟིན་པ། བརྙན་འཕྲིན་དང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད། དེ་དག་གི་སྔོན་ཐོན་བྱས་རྗེས་བརྡ་ཁྱབ་བཏང་ནས་དཔེ་མཚོན་བཟོས་ཏེ་མི་ཚང་མས་སྔོན་ཐོན་ལ་སློབ་སྦྱོང་དང་མི་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

    མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བར་བྱས་ཤིང་། ལོ་30ཡི་རིང་། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་སློབ་སྦྱོང་དང་། སྐྱོན་སྤངས་དགེ་སྒྲུབ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་པ་ལས་འོ་ཆུ་མཉམ་འདྲེས་དང་ཤ་ཁྲག་གཅིག་འདྲེས་ལྟ་བུའི་མི་རིགས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། གྲོ་མོ་རྫོང་གི་མང་ཚོགས་ཀྱིས་རྒྱུན་དུ་དཔུང་སྡེའི་དཔོན་དམག་ལ་སྔོ་ཚལ་དང་མར་སོགས་སྐྱེལ་བ་དང་དཔུང་སྡེའི་དཔོན་དམག་གིས་ཀྱང་རྟག་ཏུ་ཁོ་ཚོར་རོགས་རམ་བྱས་པ་ལས། དམག་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཟམ་མི་ཆད་པར་ཕྱིན་ནས་དུས་རབས་གསར་པའི་དམག་དམངས་མཐུན་སྒྲིལ་གྱི་བསྟོད་གླུ་གང་སར་གྲགས་ཡོད།

    ལོ་30ཡི་རིང་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་འཛུགས་གཏོད་དང་འགན་སྲུང་མ་ལག་ཟམ་མི་ཆད་པར་བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་སོང་ཞིང་། 2019ལོ་བར། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་སྔ་རྗེས་སུ་གྲུབ་འབྲས་ཐོན་པའི་ངང་འཛུགས་གཏོད་བྱས་པ་དང་། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད། 2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ནས་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འབད་པས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།