དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་མེ་ཏོག་མཚར་སྡུག་རབ་ཏུ་བཀྲ། ཞིམ་མངར་དྲི་བསུང་གནས་མཆོག་གྲོང་ནས་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-18

    གླེང་གཞི།

    “གནམ་འོག་འདི་ན་མི་ཡུལ་མེད། གང་དུ་སླེབས་པ་ཕ་ཡུལ་རེད” སྟོན་ཐོག་མའི་ལྷ་སའི་མཚན་མོར་བསིལ་རླུང་དལ་བུར་ལྡང་ཞིང་། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་འཁྲབ་སྟོན་བྱེད་འགོ་ཚུགས། འུན་ཤིང་ཀོང་ཇོ་མངའ་ཐང་རྒྱས་པའི་ཁྲང་ཨན་ནས་ཞལ་གྱེས་ཏེ་ལྷ་སར་ཕེབས་ནས་ཐང་རྒྱལ་རབས་དང་བོད་བཙན་པོའི་རྒྱལ་རབས་དབར་གཉེན་འབྲེལ་དང་མནའ་འབྲེལ་བཙུགས་པའི་གཏམ་བཟང་གང་སར་གྲགས།

    ལོ་ངོ་1300ལྷག་ཙམ་གོང་གི་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དྲན་ཤེས་སུ་གྱུར། ད་ཆ་འདས་ཟིན་པའི་ལོ་རྒྱུས་ལ་སྔར་བཞིན་དངོས་ཡོད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། གནའ་གྲོང་ལྷ་སར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། ཐུན་མོང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་ནས་དགའ་སྤྲོ་དང་། འཆམ་མཐུན། མཉམ་གནས་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་མང་པོ་ཞིག་ཐོན་ཡོད། བསྟན་འཛིན་ནོར་བུ་དང་ཁྲེན་ཏན་ནཱ་ཡི་ཁྱིམ་ཚང་ནི་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད།

    769130_yis_1600059334427_s.jpg

    བཟའ་ཚོ་གཉིས་སྐྱིད་པའི་ཁ་བརྡ་གློད་བཞིན་པ།

    A ལས་འཕྲོའི་མདུད་པ་དམ་པོར་ཐེབས།

    2018ལོའི་ཟླ་དགུ་པའི་ཟླ་དཀྱིལ་དུ། བསྟན་འཛིན་ནོར་བུ་དང་ཁྲེན་ཏན་ནཱ་མཉམ་དུ་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱིས་སྒྲིག་འཛུགས་བྱས་པའི“མི་རིགས་རི་མོ་མཉམ་དུ་འབྲི། མཐུན་སྒྲིལ་བརྩེ་སེམས་མཉམ་དུ་རྩོམ”ཞེས་པའི་དུས་ཐེངས་གསུམ་པའི་ཕུགས་འདུན་ལྗོན་པའི་སྤྱི་ཕན་བྱེད་སྒོར་ཞུགས་ནས་ངོ་ཤེས། བྱེད་སྒོ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་སྡེ་ཚོགས་ཆུས་ཨུད་ཀྱིས་བདེ་ཆེན་ཤང་ལྟེ་བའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དབུལ་པོའི་ས་ནས་བསམ་འདུན་ཆུང་ངུ་བསྡུ་རུབ་བྱས་པ་དང་འབྲེལ། སྤྱི་རྟགས་ནང་བསམ་འདུན་ཆུང་ངུའི་ཞིབ་ཕྲའི་ནང་དོན་50ཙམ་སྤེལ་ཏེ། སྤྱི་ཕན་བྱེད་སྒོར་ཞུགས་མཁན་དང་བླངས་པ་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཕྲུ་གུ་ཚོའི་བསམ་འདུན་འགྲུབ་པར་རོགས་རམ་བྱེད་པའི་འབོད་སྐུལ་བྱས།

    769127_yis_1600059333288_s.jpg

    སྒྱུག་མོ་ཚེ་དབང་སྒྲོལ་མས་ཁྲེན་ཏན་ནཱར་བསྟན་འཛིན་ནོར་བུ་ཆུང་དུས་ཀྱི་འདྲ་པར་སྟོན་བཞིན་པ།

    བོད་ལྗོངས་གནའ་རྫས་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསྟན་འཛིན་ནོར་བུས་རང་འགུལ་ངང་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་འབྲེལ་བ་བྱས་ཏེ་བསམ་འདུན་ཆུང་ངུ་ཚང་མ་བསྒྲུབ་འདོད་ཡོད་ཅེས་བཤད། སྐབས་དེ་དུས་གུང་གཞོན་སྡེ་ཚོགས་ཆུས་ཨུད་དུ་ལས་ཀ་བྱེད་བཞིན་པའི“ནུབ་རྒྱུད་འཆར་གཞིའི”དང་བླངས་པ་ཁྲེན་ཏན་ནཱས་གནས་ཚུལ་དེ་ཐོས་རྗེས་རྒྱུས་མངའ་མེད་པའི་བསྟན་འཛིན་ནོར་བུར་སེམས་གཏིང་ནས་བསྔགས་བརྗོད་བྱས།

    2018ལོའི་ཟླ་9ཚེས་25ཉིན། སྡེ་ཚོགས་ཆུས་ཨུད་ཀྱི་ལས་དོན་པ་ཞིག་ཡིན་པའི་ཁྲེན་ཏན་ནཱས་བསྟན་འཛིན་ནོར་བུ་དང་མཉམ་དུ་བདེ་ཆེན་ཤང་ལྟེ་བའི་སློབ་ཆུང་དུ་ཕྲུ་གུ་ཚོའི་བསམ་འདུན་ཆུང་ངུ་མངོན་འགྱུར་བྱེད་པར་བསྐྱོད། ཁྲེན་ཏན་ནཱ་ཡི་བསམ་ཡུལ་ལས་འདས་པ་ཞིག་ནི་བསྟན་འཛིན་ནོར་བུས་ཕྲུ་གུ་ཚོའི་བསམ་འདུན་ཚང་མ་མངོན་འགྱུར་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོར་སྨྱུག་ཤུབས་དང་། ཟིན་བྲིས་དེབ། རྩེད་ཆས་སྤོ་ལོ་སོགས་ལག་རྟགས་ཆུང་ཆུང་ཆ་ཚང་50ལྷག་ཙམ་གྲ་སྒྲིག་བྱས་པར་རིན་ཐང་སྒོར་ཁྲི་1ལྷག་ཙམ་ཟིན།

    བདེ་ཆེན་ཤང་ལྟེ་བའི་སློབ་ཆུང་དུ་སྐྱོད་པའི་ལམ་བར་དུ་ཁྲེན་ཏན་ནཱས་བསྟན་འཛིན་ནོར་བུས་ཀུང་སི་འཛུགས་པའི་ཐོག་མའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་དེ་བས་མང་བས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཏེ། སླར་ཡང་རང་གིས་རང་ལ་ཡིད་ཆེས་སྐྱེ་རུ་འཇུག་རྒྱུ་དེ་ཡིན་པ་ཤེས། ཀུང་སིའི་འོན་ལྐུགས་ལས་མི་དང་འབྲེལ་བ་དེ་བས་ལེགས་པ་བྱ་ཆེད། བསྟན་འཛིན་ནོར་བུས་ད་དུང་རང་རྟོགས་ངང་ལག་བརྡ་རང་སྦྱོང་བྱས། སྐབས་དེ་དུས་ཁྲེན་ཏན་ནཱས་བསྟན་འཛིན་ནོར་བུར་ཡིད་སྨོན་དང་གུས་བཀུར་དེ་བས་ཆེ་བ་སྐྱེས།

    ཕྱོགས་གཅིག་ནས་ལག་རྟགས་སྤྲོད་པ་དང་ཕྱོགས་གཞན་ཞིག་ནས་སློབ་མ་དང་བོད་སྐད་བརྒྱབ་ནས་ཉེ་ཆར་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྐད་ཆ་འདྲི་བཞིན་པའི་ཁྲེན་ཏན་ནཱའི་འགྲམ་དུ་སློབ་མས་རུབ་ནས་བསྡད་པ་མཐོང་སྐབས་བསྟན་འཛིན་ནོར་བུའི་གདོང་ལས་བསྔགས་བརྗོད་ཀྱི་འཛུམ་མདངས་འཕྱུར།

    དེ་ལྟར་ལས་ཀ་གང་བྱས་ཀྱང་འགོ་མཇུག་ཡོད་པ་བྱེད་མཁན་བསྟན་འཛིན་ནོར་བུས་སྔ་རྗེས་སུ་ཕུགས་འདུན་ལྗོན་པའི་སྤྱི་ཕན་བྱེད་སྒོར་ཐེངས་ལྔ་ཞུགས། ལོ་ཕྱེད་རིང་ཁོང་དང་ཁྲེན་ཏན་ནཱ་ཕན་ཚུན་འབྲེལ་བ་བྱེད་པའི་དུས་ཚོད་ཀྱང་རིམ་བཞིན་མང་དུ་ཕྱིན།

    ཤང་གྲོང་གི་སྲང་ལམ་ཡོད་ཚད་དུ་རྒྱུག་དོན་ནི་བྱིས་པ་ཚོར་རྩེད་ཆས་མེ་མདའ་ཉོ་ཆེད་དང་། པུས་མོ་ས་ལ་བཙུགས་དོན་ནི་ཕྲུ་གུ་ཚོར་ཡི་གེ་འབྲི་སྐབས་སྡོད་སྟངས་ཡོ་བསྲང་བྱེད་པ་དེ་ཡིན། རང་ཉིད་ཀྱི་ནུས་པ་བཏོན་ནས་མཐའ་འཁོར་གྱི་གྲོགས་པོ་ཚོ་སྤྱི་ཕན་བྱེད་སྒོར་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་སོགས་བསྟན་འཛིན་ནོར་བུའི་བྱ་སྤྱོད་ལས་ཁྲེན་ཏན་ནཱའི་ཡིད་དབང་རབ་ཏུ་འཕྲོག འོན་ཀྱང་། ལས་ཀ་ཞིབ་ཚགས་ལ་འགན་འཁུར་ཕོད་པ་དང་བོད་ཡིག་སྦྱོང་བར་བརྩོན་པའི་ཁྲེན་ཏན་ནཱར་བསྟན་འཛིན་ནོར་བུས་ཡིད་སྨོན་ཆེན་པོ་བྱེད་པ་ཁོ་མོས་ག་ལ་ཤེས།

    “ངས་ཁྱེད་རང་ཁ་ལག་ཟ་བར་གདན་དྲངས་ན་འགྲིག་གམ”ཞེས་ཕུགས་འདུན་ལྗོན་པའི་སྤྱི་ཕན་བྱེད་སྒོ་མཇུག་འགྲིལ་སྐབས་བསྟན་འཛིན་ནོར་བུས་བློ་ཁོག་ཆེན་པོས་བོད་དུ་སློབ་ཆེན་ལོ་བཞི་འགྲིམས་མྱོང་བ་དང་། སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་དུ་ལས་ཀ་ལོ་ཁ་ཤས་བྱེད་མྱོང་བའི་སི་ཁྲོན་གྱི་བུ་མོ་ཁྲེན་ཏན་ནཱ་གདན་ཞུ་བྱས།

    དེ་ལྟར་ལོ་ཕྱེད་ཙམ་སོང་རྗེས། ཁོང་གཉིས་དབར་གྱི་བརྩེ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་གཉེན་སྒྲིག་གི་སྐོར་གླེང་འགོ་ཚུགས།

    769129_yis_1600059334006_s.jpg

    བསྟན་འཛིན་ནོར་བུ་དང་ཁྲེན་ཏན་ནཱས་གྲོགས་པོ་དང་མཉམ་དུ་ལོ་གསར་གཏོང་བཞིན་པ།

    B མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

    2020ལོར། བསྟན་འཛིན་ནོར་བུས་མངལ་འཁོར་བའི་བཟའ་ཟླ་ཁྲེན་ཏན་ནཱ་དང་ལྷན་དུ་ཁོ་མོའི་ཕ་ཡུལ་སི་ཁྲོན་དུ་དཔྱིད་གསར་དུས་ཆེན་གཏོང་བར་ཕྱིན། ཁོ་མོའི་ཁྱིམ་ནས་ཁོང་ལ་སྣེ་ལེན་གཟབ་རྒྱས་ཞུས།

    བུ་མོ་སྐྱེས་རྗེས། བཟའ་ཚོ་གཉིས་པོས་བུ་མོའི་མིང་ལ་ཏན·དབྱངས་ཅན་མེ་ཏོག་ཅེས་བཏགས།

    མི་རིགས་མཐུན་སྒྲིལ་ནི་ཉིན་འགའི་དོན་དག་མིན་པར་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་རེད།

    བསྟན་འཛིན་ནོར་བུ་དང་ཁྲེན་ཏན་ནཱ་བཟའ་ཚོའི་ཁྱིམ་ཚང་ལ་ཆ་མཚོན་ན། མི་རིགས་མི་གཅིག་ནའང་བསྟུན་མཁས་བརྩི་འཇོག་གི་མཉམ་གནས་གནས་ལུགས་ཐད་ཀྱི་རིན་ཐང་ལ་ངོས་འཛིན་སྟངས་གཅིག་མཚུངས་རེད། ཐུན་མོང་གི་ངོས་འཛིན་དེ་ལྟ་བུ་ལས་ཁྱིམ་མི་ཡོངས་ཀྱིས་འཚོ་བའི་ཁྲོད་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་ཐུབ།

    ད་ཆའི་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་དེ་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་ནང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། མི་རིགས་ཁག་གི་སྤུན་ཟླའི་སེམས་པ་གཅིག་ཏུ་བསྒྲིལ་བ་དང་བརྩེ་སེམས་གཅིག་ཏུ་འདྲེས་པ་དེ་་བོད་ཀྱི་མི་རིགས་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར། ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་རྒྱང་སྐྱོད་ལམ་བུར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དེ་བས་མང་དུ་འགྲོ་བཞིན་མཆིས།

    769128_yis_1600059333647_s.jpg

    བཟའ་ཚོ་གཉིས་ཀྱིས་བོད་ཆས་གྱོན་ནས་ཇ་མངར་མོ་འཐུང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།