“ཀྲུང་གོའི་མི་དམངས་ལ་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ལྡན་པ་ནི་མདུན་སྐྱོད་ཀྱི་འགྲོ་ལམ་གྱི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་རླབས་ཆེན་གྱི་རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་འགོག་འཐབ་རྩོད་ལས་མངོན་པའི་ཀྲུང་གོའི་མི་དམངས་ཀྱི་སྟོབས་ཤུགས་རླབས་ཆེན་ལ་བརྩེ་བ་ཟབ་མོས་བསྔགས་བརྗོད་གནང་བ་དང་འབྲེལ། དཀའ་ངལ་མཐའ་དག་སེལ་ཕོད་པ་དང་དཀའ་ངལ་གང་ཞིག་གིས་ཀྱང་གནོན་མི་ཐུབ་པའི་ཀྲུང་གོའི་མི་དམངས་ཀྱི་ཞུམ་མེད་བློ་སྟོབས་ལ་གནད་ལ་འཕིགས་པའི་སྒོ་ནས་རྒྱས་བཤད་གནང་ཞིང་། མི་དམངས་ལ་དམ་པོར་རྟེན་པ་དང་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པའི་བསམ་བློ་མཐའ་འཁྱོངས་ཀྱིས། རྒྱ་ཆེའི་མི་དམངས་ཀྱི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་སྐུལ་སློང་གང་ལེགས་བྱས་ན། ང་ཚོས་ཆེས་རྒྱ་ཆེའི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དམ་ཟབ་ཐུབ་ནས། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ཅེས་ནན་བཤད་གནང་ཡོད།
ཤི་གསོན་གྱི་ཉམས་སད་དང་། ཡུན་རིང་ལོགས་སུ་འཇོག་པ་ལས་བྱུང་བའི་ལུས་སེམས་ཀྱི་གནོན་ཤུགས་ཆེན་པོའི་མདུན་དུ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཤི་གསོན་གྱི་ཉེན་ཁ་ཕྲད་ཀྱང་མི་སྐྲག་པ་དང་། དཀའ་ངལ་མང་པོ་ཕྲད་ཀྱང་ཕྱིར་བཤོལ་མི་བྱེད་པ། ཉེན་ཁ་ཆེ་བའི་ཕྱོགས་སུ་སྐྱོད་པ། སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་པ་བཅས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སེམས་ནུས་ཡོད་རྒུ་བཏོན་ཡོད། འཐབ་ཕྱོགས་ཁག་གི་རིམས་འགོག་དཔའ་བོས་ཉེན་ཁར་ཐུག་ཀྱང་སྐྲག་སྣང་མེད་པ་དང་། འཆི་རྒྱུར་སྣང་བ་མི་གཏོང་བ། དཀའ་ངལ་གྱི་མདུན་དུ་གང་ལ་ཡང་མི་འཛེམ་པ་དང་། འགག་རྩའི་དུས་སུ་གདོང་མཆོང་བྱེད་ཕོད་པ་བྱས་ཏེ། ཚེ་སྲོག་ལ་བརྟེན་ནས་ལས་འགན་བསྒྲུབས་པ་དང་། བརྩེ་སེམས་ཆེན་པོ་བཅངས་ནས་སྐྱེ་འགྲོ་ཀུན་སྲུང་སྐྱོང་བྱས་ཡོད། རིམས་ནད་ཚབས་ཆེན་དང་ཤི་གསོན་ལ་འགྲན་བསྡུར་བྱེད་རིང་། རྒྱལ་ཡོངས་མི་དམངས་ཀྱིས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་མི་སྒེར་གྱི་བདེ་སྡུག་དང་། ཐུན་མོང་གི་གཟི་ཁྲེལ། རྒྱལ་ཁབ་ཀྱི་བདེ་སྡུག་བཅས་གཞི་གཅིག་ཏུ་འདྲེས་པ་དང་། དམངས་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་གི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་མཉམ་དུ་འདོན་པ། ཉེན་ཁ་ཡོད་པ་ཤེས་བཞིན་དུ་ཞུམ་མེད་མདུན་དུ་སྐྱོད་པའི་བྱ་སྤྱོད་ལ་བརྟེན་ནས་དགའ་སྐྱོ་གཉིས་ལྡན་དང་མི་སེམས་རབ་ཏུ་འགུལ་བའི་བརྗིད་ཆེའི་ལེའུ་བརྩམས་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ལ་གེགས་བར་མང་པོ་ཕྲད་ཀྱང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ་འདི། ཐོག་མ་ཉིད་ནས་འཇིག་རྟེན་གྱི་སྐྱབས་མགོན་ཡོད་པ་མ་ཡིན་པར། གནོད་འཚེ་དང་གོད་ཆག་ཆེན་པོའི་མདུན་དུ་མི་དཀྱུས་མ་ཁྲི་སྟོང་མང་པོས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་ནན་བཤད་གནང་བ་ལྟར་རེད།
མི་རིགས་ཤིག་རླབས་ཆེན་ཡིན་པའི་རྒྱུ་མཚན་གཙོ་བོ་ནི། དཀའ་ངལ་དང་ཉེན་ཁ་གང་ཞིག་ཕྲད་ཀྱང་ནམ་ཡང་མི་འདོར་བ་དང་། ཕྱིར་བཤོལ་མི་བྱེད་པ། གོམ་པ་སྤོ་མཚམས་མི་འཇོག་པ་བཅས་ཀྱི་སྒོ་ནས། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་གི་ཆེད་དུ་འབད་འཐབ་བྱེད་པ་དེ་རེད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཀྲུང་གོའི་མི་དམངས་ལ་སྐྱེ་སྟོབས་ཀྱི་ནུས་པ་ཆེ་བ་དང་། གོང་བུ་འགྲིལ་ཤུགས་ཆེ་བ། བཟོད་བསྲན་གྱི་བློ་རྩ་བརྟན་པ། གསར་གཏོད་ཀྱི་ནུས་པ་ཆེ་བ་བཅས་ཀྱིས་འཛམ་གླིང་ལ་སྐད་གྲགས་ཆོད་པས། ང་ཚོ་ཚང་མས་རང་ཉིད་ཀྲུང་གོ་བ་ཡིན་པར་གཟི་བརྗིད་དང་སྤོབས་སེམས་སྐྱེ་གི་འདུག”ཅེས་མཛུབ་སྟོན་གནང་བ་ལྟར་རེད།
མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་དང་། མི་དམངས་ནི་དཔའ་བོ་ངོ་མ་རེད། ཧྲི་ཁུའུ་སྒོ་མོ་ནས་གནམ་བདེ་སྒོ་མོའི་བར་དང་། ལས་དར་ལམ་ནས་བསྐྱར་དར་ལམ་བར། རང་རེའི་ཏང་གིས་མི་དམངས་ཀྱི་ཆེད་དུ་གནས་པ་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་བཏང་སྟེ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། འགྲན་སློང་དང་གནོན་ཤུགས་ཆེན་པོ་གང་འདྲ་ཞིག་ཕྲད་པ་དང་བློས་གཏོང་དང་རིན་དོད་གང་འདྲ་ཞིག་བྱས་ཀྱང་། མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་དུ་འཇུག་པའི་དད་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་བྱུང་མེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་། མི་དམངས་ལ་བརྟེན་ནས་སྲིད་བསྐྱངས་ཚེ། རྒྱལ་ཁ་འཐོབ་ངེས་ཡིན་པ་རླབས་ཆེན་གྱི་རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་ལས་ར་འཕྲོད་བྱུང་ཡོད།
མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། མི་དམངས་དུང་ཕྱུར་14ཡི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་སྡུད་དང་འཕེལ་བར་བྱེད་པ་དང་། དཀའ་ངལ་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་ཀྱིས། རླབས་ཆེན་གྱི་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བླངས་ཚེ། ང་ཚོས་དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་དུ་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།
(པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)