དབུ་ཤོག>གསར་འགྱུར།
  • ཧྲན་ཏུང་གི་སྨན་བཅོས་བོད་སྐྱོར་གྱིས“བདེ་ཐང་གི་ཕུགས་འདུན་མཉམ་གཏོད”བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-09-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་ཧྲན་ཏུང་གི་སྨན་བཅོས་རིགས་གཅིག་མཁས་ཅན་8ཀྱིས་ས་གནས་དེ་གའི་སྨན་དོན་མི་སྣ་དང་མཉམ་དུ“ཧྲན་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་ཐང་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་སྨན་བཅོས་བྱ་སྤྱོད་ས་མཐོར་སྤེལ་བའི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་གཉེར་བ་རེད།

    ཧྲན་ཏུང་ཞིང་ཆེན་སྨན་ཁང་གི་བྱིས་པའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཝུའུ་རུང་ཏེ་ལོ་རྒན་དྲུག་ཅུ་ཙམ་ཡིན་ཡང་བོད་དུ་འོས་འགན་སྨན་བཅོས་བྱེད་སྒོར་ཐེངས་ལྔ་ཞུགས་མྱོང་ཡོད། “ངས་དང་བླངས་པའི་མིང་ཐོག་ནས་དེ་གའི་ནད་པར་རོགས་རམ་བྱེད་འདོད་ཆེན་པོ་ཡོད། ཉིན་དེར་གཤག་བཅོས་ཐེངས་གཉིས་བྱེད་དགོས། གཅིག་ནི་བྱིས་པའི་རླིག་རླུགས་གཤག་བཅོས་དང་གཞན་ཞིག་ནི་བྱིས་པའི་ཤུབས་སྐྱི་བསགས་ཁུའི་གཤག་བཅོས་ཡིན། དེ་སྔོན། གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གིས་བྱིས་པའི་རླིག་རླུགས་གཤག་བཅོས་གཅིག་བྱེད་མྱོང་ཡང་རྨ་ཁ་ཧ་ཅང་ཆེན་པོ་འདུག”ཅེས་ཝུའུ་རུང་ཏེས་བཤད།

    ཧྲན་ཏུང་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱི་དྲུང་ཆེ་ཀྲང་ལིན་གྱིས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་རིགས་གཅིག་མཁས་ཅན་ཁྲིད་དེ་ལྷ་སར་ཡོང་བ་དང་དེ་རྗེས་ད་དུང་གཤག་བཅོས་ཁག་གཉིས་བྱས་པ་རེད། ད་ཐེངས་ཁོང་ཚོས་རིགས་གཅིག་མཁས་ཅན་ཁྲིད་ཡོད་པ་མ་ཟད། ད་དུང་བྱིས་པའི་ཕྱི་ནད་ཚན་ཁག་ལ་མཁོ་བའི་སྦྲིད་སྨན་དང་སྦྲུམ་བུའི་ལྟ་སྐྱོང་ཡོ་ཆས་སོགས་སྒྲིག་ཆས་དང་དེ་བཞིན་སྨན་རྫས་ཁག་གཅིག་ཀྱང་འཁྱེར་ཡོད་པ་རེད། “ང་ཚོས་ས་གནས་དེ་གའི་མི་སེར་ལ་སྨན་བཅོས་བདེ་ཐང་ཐད་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་དགོས་པ་མ་ཟད། ད་དུང་ས་གནས་དེ་གའི་སྨན་དོན་མི་སྣར་སྒྲིག་ཆས་གསར་པ་བེད་སྤྱོད་དང་། ལག་རྩལ་གསར་པ་བེད་སྤྱོད། ཚན་ཁག་དོ་དམ་སོགས་ཐད་ཀྱི་ཆེད་ལས་ཤེས་བྱ་སློབ་དགོས”ཞེས་ཀྲང་ལིན་གྱིས་བཤད།

    ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་སྤྱི་ཁྱབ་སྣེ་ཁྲིད་པ་གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་མཱ་ཅིན་ཏུང་གིས། གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆ་སྒྲིག་ཞིང་ཆེན་ཞིག་ཡིན་པའི་ངོས་ནས། ཧྲན་ཏུང་ཞིང་ཆེན་གྱིས་ལོ་མང་རིང་སྨན་བཅོས་བོད་སྐྱོར་བྱ་རྒྱུ་དེ་རྒྱབ་སྐྱོར་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ནས་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་ཞབས་ཞུའི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་ལས་དོན་གྱི་ཁོར་ཡུག་ལེགས་སུ་གཏོང་བ། སྨན་བཅོས་ཀྱི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ལས་དོན་མང་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།