མི་སྣ་ངོ་སྤྲོད།
ཟླ་བ་ཚེ་རིང་། ཕོ། བོད་རིགས། 1943ལོའི་ཟླ་12པར་སྐྱེས། བོད་ལྗོངས་ལྷོ་ཁ་བ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན། 1955ལོར་ལྷ་སའི་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་བྱས་པ་དང་1959ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་གྲོང་བྱང་ཁུལ་དུ་བཅིངས་འགྲོལ་དམག་ལ་སྐད་སྒྱུར་བྱེད་པར་མངགས། རྗེས་སུ་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་འདམ་གཞུང་རྫོང་ཡངས་པ་ཅན་ཆུས་སུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་མིང་ཐོ་བཀོད་པ་དང་། སྔ་རྗེས་སུ་གུང་གཞོན་སྡེ་ཚོགས་འདམ་གཞུང་རྫོང་ཡངས་པ་ཅན་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་། ཡངས་པ་ཅན་ཆུས་ཀྱི་ཆུས་ཀྲང་གཞོན་པ། འདམ་གཞུང་རྫོང་གནམ་མཚོ་ཆུས་ཨུད་ཀྱི་ཧྲུའུ་ཅི། འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྷ་ས་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུ་ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་ལས་འགན་འཁུར་བ་རེད། 2001ལོར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ནས་རྒན་ཡོལ་ཞུས་པ་དང་ད་ལྟ་ལྷ་སར་ཚེ་མཇུག་བདེ་བར་རོལ་བཞིན་ཡོད།
ཟླ་བ་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་བཞིན་པ།
(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་དེ་བཤེར་རོགས)
གུང་ཁྲན་ཏང་བོད་དུ་སླེབས་པས་ངའི་ལས་དབང་ལ་གཞི་ནས་འགྱུར་ལྡོག་བྱུང་སོང་། 1955ལོར་ལོ་12ལ་སླེབས་པའི་ང་ལྷ་སར་ཡོད་པའི་ཀྲུང་དབྱང་སྲིད་གཞུང་གི་ལས་བྱེད་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང་བྱུང་། ལོ་བཞིའི་རིང་སློབ་གྲྭ་ནས་ང་ཚོར་རྒྱ་ཡིག་དང་། རྩིས་རིག བོད་ཡིག་བཅས་སློབ་ཚན་གསུམ་སློབ་སྦྱོང་བྱ་རྒྱུའི་བཀོད་སྒྲིག་བྱས་བྱུང་། སྐབས་དེར་ང་ཚོའི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་མི་ཚང་མས་ཀྱང་ཤེས་བྱ་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད།
ལོ་4སོང་རྗེས་ངས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་མ་ཟད། རིག་གནས་ཤེས་བྱ་ངེས་ཅན་ཞིག་ཀྱང་ཤེས་བྱུང་། རྗེས་སུ་ང་ལྷ་ས་གྲོང་ཁྱེར་གྲོང་བྱང་ཁུལ་དུ་མངགས་ནས་བཅིངས་འགྲོལ་དམག་ལ་སྐད་སྒྱུར་དང་ཁོང་ཚོའི་ལས་ཀར་གཞོགས་འདེགས་བྱེད་པར་མངགས་བྱུང་། སྐབས་དེ་དུས་ལྷ་ས་གྲོང་ཁུལ་ཁག་བཞི་ལ་དབྱེ་ཡོད་པ་དང་། རྗེས་སུ་ད་ལྟའི་ཁྲེང་ཀོན་ཆུས་སུ་ཟླ་སྒྲིལ་བཏང་བ་རེད།
1959ལོའི་ཟླ་3པར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་མཐོ་རིམ་ལོག་སྤྱོད་ཚོགས་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པར་བཅིངས་འགྲོལ་དམག་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་པ་རེད། བཅིངས་འགྲོལ་དམག་གིས་ངོ་ལོག་ཟིང་འཁྲུག་པའི་ཁྱིམ་ནས་རྒྱུ་ནོར་བསྡུ་ལེན་བྱེད་སྐབས་འབྲུ་རིགས་དང་། ནང་ཆས། གྱོན་གོས་སོགས་སྐུ་དྲག་གི་ཁྱིམ་དུ་འུ་ལག་རྒྱུག་བཞིན་པའི་ཞིང་བྲན་ལ་བགོ་བཤའ་རྒྱག་པ་ངས་གསལ་པོར་དྲན་གྱི་འདུག བགོ་བཤའ་རག་སྐབས་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་སོང་། གང་ཡིན་ཞེ་ན། དངོས་པོ་དེ་དག་སྔོན་ཆད་ཁོང་ཚོས་ཚེ་གང་པོར་རེ་བའང་བྱེད་མི་ཕོད་པ་ཞིག་རེད།
ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་རྗེས། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད་པ་དང་། ངས་ཀྱང་རང་མོས་ངང་འདམ་གཞུང་རྫོང་ཡངས་པ་ཅན་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་འདུན་ཞུས་པ་ཡིན། ཡངས་པ་ཅན་གྱི་ས་བབ་མཐོ་ཞིང་ཆ་རྐྱེན་ཞན་པ་དང་། ང་ཚོ་དེ་གར་སླེབས་དུས་གཞུང་ལས་ཁང་ངོ་དྲག་པ་ཞིག་ཀྱང་མེད་པས། ཁང་པ་སྟོང་པ་འགའ་བཙལ་ཏེ་བསྡུ་གསོག་བརྒྱབ་ནས་གནས་སྐབས་ཀྱི་གཞུང་ལས་ཁང་བྱེད་དགོས་བྱུང་།
ཡངས་པ་ཅན་དུ་ལས་ཀ་བྱེད་རིང་། སྟབས་ལེགས་པ་ཞིག་ལ་ངས་ཧུའུ་ནན་ནས་ཡོང་བའི་ཧྲུའུ་ཅི་ཁྲེན་ཏན་ཀྲང་ངོ་ཤེས་པ་མ་ཟད། ཁོང་དང་མཛའ་བཤེས་ཟབ་མོ་ཞིག་ཀྱང་ཆགས་སོང་། མཛའ་བཤེས་འདི་ངའི་རྗེས་མའི་ལས་དོན་དང་འཚོ་བ་དང་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཡོད་ལ་ཁོང་གི་ཤུཌ་རྐྱེན་དང་། སྐུལ་ལྕག རོགས་རམ་བཅས་ཀྱི་འོག་ང་རང་རིམ་བཞིན་འཚར་ལོངས་ཐུབ་བྱུང་།
ཁྲེན་ཏན་ཀྲང་ནི་སྐབས་དེའི་གུང་གཞོན་སྡེ་ཚོགས་ཡངས་པ་ཅན་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་ཡངས་པ་ཅན་ཆུས་ཀྱི་ཆུས་ཀྲང་གཞོན་པ་རེད། ཁོང་ཁེངས་སྐྱུང་གུས་ཞབས་ལྡན་ལ་ལས་ཀར་གཟབ་ནན་ཆེ་བ་མ་ཟད། བོད་རིགས་ལས་བྱེད་པ་དང་མང་ཚོཌ་ལ་བརྩེ་བ་ཧ་ཅང་ཟབ་མོ་ཡོད། ཡངས་པ་ཅན་དུ་ང་གཉིས་མཉམ་དུ་ལས་ཀ་ལོ་5བྱས་པ་དང་། དེའི་རིང་འབྲལ་མེད་མཉམ་གཤིབ་བྱས་ནས་གཅེན་གཅུང་ལྟ་བུའི་བརྩེ་བ་ཟབ་མོ་ཞིག་ཆགས་སོང་།
སྐབས་དེ་དུས་ཀྱི་གཤམ་སྤེལ་ལས་ཀའི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པས་ལས་བྱེད་པས་ངེས་པར་དུ་མང་ཚོགས་དང་མཉམ་ཟ་དང་། མཉམ་སྡོད། མཉམ་དུ་ངལ་རྩོལ། མཉམ་དུ་གྲོས་བསྡུར་བཅས་བྱེད་དགོས་པས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཡག་པོ་རྒྱུན་འཁྱོངས་ཐུབ་ཀྱི་ཡོད། གཤམ་སྤེལ་བྱེད་རིམ་བཞིན་ང་དང་ཧྲུའུ་ཅི་ཁྲེན་ལགས་ཀྱིས་འབྲས་ཏོག་ཙམ་འཁྱེར་ནས་ཆེས་དབུལ་ཕོངས་ཀྱི་མང་ཚོགས་ཁྱིམ་དུ་གནས་ཚང་གཡར་བར་འགྲོ་བ་དང་དེ་ནས་འབྲས་གནས་ཚང་གཡར་མཁན་ལ་སྤྲོད་ཀྱི་ཡོད། དེ་ལྟར་བྱས་ཚེ་གཅིག་ནས་ང་གཉིས་ཀྱི་ཟ་མའི་གནད་དོན་ཐག་གཅོད་ཐུབ་པ་དང་གཉིས་ནས་ཁོང་ཚོའི་འཚོ་བ་ཡང་ལེགས་སུ་འགྲོ་གི་ཡོད། ཟླ་སྒྲོན་ཁྱིམ་ནི་ང་ཚོས་རྒྱུན་དུ་གནས་ཚང་གཡར་སའི་མང་ཚོགས་ཀྱི་གྲས་ཤིག་ཡིན། ལོ་རབས་དེར་དངོས་རྫས་དཀོན་པས་ཟ་མ་རྒྱགས་པ་ཟ་རྒྱུ་མེད། འོན་ཀྱང་ང་ཚོ་འགྲོ་རིམ་བཞིན་ཁོ་མོས་དགའ་ཚོར་ཆེན་པོས་ཧྲུའུ་ཅི་ཁྲེན་ལགས་ཀྱི་ལག་པ་ནས་འཇུས་ཏེ་ང་ཚོ་ཁྱིམ་དུ་ཁྲིད་ཀྱི་འདུག ཟླ་སྒྲོན་ཁྱིམ་གྱི་ཕྲུ་གུ་ཚོས་དེ་བས་དགའ་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཡོང་ན་ཁོང་ཚོར་འབྲས་ཞིམ་པོ་ཟ་རྒྱུ་ཡོད།
ལས་རིགས་གང་ཞིག་དང་ལས་གནས་གང་ཞིག་ཡིན་རུང་མི་རིགས་མཐུན་སྒྲིལ་བྱུང་ན་གཞི་ནས་དེ་བས་ལེགས་པའི་སྒོ་ནས་ལས་དོན་སྤེལ་ཐུབ་པའི་ཡིད་ཆེས་ང་ལ་བརྟན་པོ་ཡོད། 1980ལོར། ང་རང་འདམ་གཞུང་རྫོང་གི་རྫོང་ཨུད་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ལ་བསྐོས་བྱུང་། ལོ་རེའི་དམག་འཛུགས་དུས་ཆེན་གྱི་སྐབས་སུ། ང་ཚོས་གཉིས་བཀུར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དཔོན་དམག་ཚོར་འཚམས་འདྲི་ཞུ་ཡི་ཡོད། ང་ཚོས་རྒྱུན་དུ་དཔོན་དམག་ཚོར་མར་དང་ཚགས་ཤ་སྐམ་པོ་སོགས་བསྐྱལ་བ་དང་ཁོང་ཚོས་ཀྱང་ང་ཚོར་འབྲས་དང་གྲོ་ཞིབ་སྤྲད་ཀྱི་འདུག དཀའ་ངལ་འཕྲད་ཚེ་ཚང་མས་ཕན་ཚུན་རོགས་རམ་བྱེད་རེས་བྱས་ནས་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ལོ་ལྟར་བོད་ཀྱི་ལོ་གསར་སྐབས་ངས་རྒྱ་རིགས་ལས་རོགས་ཁྱིམ་དུ་ལོ་གསར་གཏོང་བར་འབོད་དེ་མཉམ་དུ་ཅའོ་ཙེ་དང་ཤ་མོག་བཟོ་བ་སོགས་ཀྱི་གནས་ཚུལ་དེ་དག་ད་བར་དུ་བརྗེད་ཐབས་བྲལ།
2001ལོར་ང་རང་རྒན་ཡོལ་ཞུས་པར་རྩ་འཛུགས་ཀྱིས་ཆོག་མཆན་སྤྲད་པ་དང་དེ་ནས་ལྷ་སར་གཏན་སྡོད་བྱས་པ་ཡིན། ཏང་ཡོན་ཞིག་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཞིག་གི་ངོས་ནས་ངས་རང་ཉིད་ཀྱི་ཚེ་མཇུག་ཏུ་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་སྒྲུབ་འདོད་ཡོད། དེར་བརྟེན། རྒན་ཡོལ་ཞུས་རྗེས་ངས་ཡང་ལོ་9སློབ་ཕྱིའི་ཟུར་ཁྲིད་པ་བྱས་ཏེ་རྒྱུན་དུ་སློབ་གྲྭ་ཁག་ཏུ་བོད་གསར་རྙིང་གི་བསྡུར་བ་དང་རང་ཉིད་ཀྱི་མྱོང་བ་བཤད་ནས། ཕྲུ་གུ་ཚོར་ཆུང་དུས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་འཆང་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུས་ཏེ་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད།