ང་ཚོས་ལའོ་མཱ་ཐོག་མར་མཐོང་སྐབས་ཁོང་གིས་ལུད་རྒྱ་མ་བཅུ་ཕྲག་ཁ་ཤས་ཁུར་ནས་ཤིང་འབྲས་ལྡུམ་རར་སྐྱོད་བཞིན་འདུག ཐང་ཤ་དོད་པའི་ལུས་པོ་དེ་གང་ནས་ལྟས་ཀྱང་རྒད་པོ་ཞིག་གཏན་ནས་འདྲ་པོ་མེད།
ལའོ་མཱ་ཡི་ཀུ་ཤུའི་ལྡུམ་ར་དེ་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀུའུ་ལུའུ་གྲོང་ཚོར་ཡོད། མུའུ་80ལྷག་ཙམ་གྱི་ས་ཞིང་ཐོག་ཀུ་ཤུའི་སྡོང་པོ་1000ལྷག་ཙམ་ལ་འབྲས་བུ་མང་པོ་བཏགས་ཡོད། ཉི་མ་ཚ་པོའི་འོག་ལའོ་མཱ་ཡིས་འབྲས་ཤིང་ལ་ཡལ་གཅོད་རྒྱག་བཞིན་ཡོད་པ་དང་ལས་མི་གཞན་དག་ཚོས་ཀྱང་ལུད་རྒྱག་བཞིན་ཡོད་པ་རེད། “ལྟེ་བའི་འབྲས་བུ་གཅིག་སོར་ཉར་བྱས་ཚེ་གཞི་ནས་འཚོ་བཅུད་འདང་ངེས་ཐུབ་ནས་ཤིང་འབྲས་ཀྱི་སྤུས་ཀ་ལེགས་སུ་འགྲོ་ཐུབ”ཅེས་ལའོ་མཱ་ཡིས་འབྲས་ཤིང་ལ་གཡོག་བྱེད་བྱེད་བཞིན་ང་ཚོར་ཁོང་གིས་སྤོབས་པ་བྱེད་པའི་མངར་སྙིང་ཀུ་ཤུའི་སྐོར་བཤད་བྱུང་།
ལའོ་མཱ་ཡི་མིང་ཆ་ཚང་ལ་མཱ་ཤིས་ལིན་ཟེར། ཕ་ཡུལ་ནི་སི་ཁྲོན་མན་དབྱང་ནས་ཡིན། 1972ལོར་བོད་དུ་དམག་མི་བྱེད་པར་ཡོང་བ་དང་1980ལོར་དམག་ཞབས་ཐིམ་རྗེས་ཀུའུ་ལུའུ་གྲོང་ཚོར་གཞིས་ཆགས། 1982ལོར། མཱ་ཤིས་ལིན་གྱིས་ཁོང་ལས་ལོ་13ཆུང་བའི་གྲོང་ཚོ་འདི་གའི་བུ་མོ་པད་མ་མཆོག་དང་ཁྱིམ་ཚང་བཟུང་ནས་རི་སྐེད་དུ་ཆགས་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཆུང་ཆུང་དེར་དངོས་སུ་འཚོ་བ་སྐྱེལ།
2000ལོར་སྤྱང་གྲུང་ལྡན་པའི་ལའོ་མཱ་ཡིས་གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོས་མཐུན་བཞག་ནས་རི་འདབས་ཀྱི་མུའུ་80ལྷག་ཙམ་ཟིན་པའི་ཐང་རྒོད་འགན་གཙང་བླངས་ནས་ཀུ་ཤུ་འདེབས་འགོ་ཚུགས། ལའོ་མཱ་དང་པད་མ་མཆོག་གིས་ས་ཁོད་སྙོམས་པ་དང་ཆུ་མཛོད་བཟོས་ནས་ཆུ་གསོག་པ་སོགས་བྱས་ཏེ་དཀའ་སྤྱད་ལས་གཏོད་བྱས། སྡོང་པོ་བཅུ་ནས་བརྒྱ་བར་དང་། བརྒྱ་ནས་སྟོང་བར་འཕེལ་རྒྱས་སོང་ནས་དེ་སྔའི་ས་རྒོད་དེ་ཁོང་ཚོའི་འབད་བརྩོན་འོག་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་ཞིག་ཏུ་འགྱུར་ཡོད།
ལོ་ཉི་ཤུའི་རིང་དཀའ་སྤྱད་འབད་འབུངས་དང་སྔ་རྗེས་སུ་སྒོར་ཁྲི་200ལྷག་ཙམ་བཏང་ནས་ས་རྒྱུ་ཞན་པའི་ཐང་རྒོད་དེ“འབྲས་ཤིང་རི་བོ”ཞིག་ཏུ་གྱུར་པ་དང་། ཀུ་ཤུའི་སྡོང་པོ་རེ་རེ་ཡང“དཔག་བསམ་ཤིང”ལྟ་བུར་གྱུར་ནས་ལོ་ལྟར་ལའོ་མཱ་དང་པད་མ་མཆོག་གཉིས་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད།
“ངའི་མངར་སྙིང་ཀུ་ཤུ་ནི་བྲག་ཡིབ་ནས་ཡག་ཤོས་ཡིན། ཁྱེད་ཚོ་ཡིད་མ་ཆེས་ན་གཞན་ལ་ལྟ་བར་རྒྱུག”ལའོ་མཱ་ཡིས་སྤོབས་པ་ཆེ་ཤོས་བྱེད་པ་ནི་ཁོང་གི་མངར་སྙིང་ཀུ་ཤུ་ཡིན། ད་ཆ་ལའོ་མཱ་ཡི་མངར་སྙིང་ཀུ་ཤུ་དེ་ས་གནས་དེ་གར་སྐད་གྲགས་ཆེན་པོ་ཡོད། གྲོང་མིས་བཏོགས་པ་ཁོ་ནའི་རྣམ་གྲངས་ལས་མང་ཆེ་བ་བྲིན་གྱི་ཡོད་པས་ཚོང་ལམ་ཐད་སེམས་ཁྲལ་བྱེད་དགོས་མེད།
ཕྱུག་པོ་ཆགས་པའི་ལའོ་མཱ་ཡིས་གྲོང་ཚོའི་ཡུལ་མི་བརྗེད་མེད། ཤིང་འབྲས་ལྡུམ་རའི་ལས་མི་ཚང་མ་གྲོང་ཚོའི་ཡུལ་མི་ཡིན། མི་རེར་ཉིན་རེར་སྒོར་150ཡོད་པ་དང་ལོ་ལྟར་ལའོ་མཱ་ཡིས་བཟོ་པའི་གླ་ཆ་ཁོ་ནར་སྒོར་ཁྲི་30བཏང་གི་ཡོད། རང་སོ་སོས་ཀུ་ཤུ་འདེབས་འདོད་པའི་གྲོང་མིར་ལའོ་མཱ་ཡིས་རྒྱུན་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོང་ཚོར་སྡོང་ཕྲུག་གསོ་བ་དང་། ཡལ་གཅོད་རྒྱག་པ། འབྲས་བུར་ཤུབས་གཡོག་པ་བཅས་བྱེད་རོགས་བྱེད་པ་མ་ཟད། ལག་རྩལ་ཡང་དམར་ཁྲིད་བྱེད་ཀྱི་ཡོད།
གོམ་པ་དང་པོ་ལེགས་སྒྲུབ་བྱུང་རྗེས་ལའོ་མཱ་དང་པད་མ་མཆོག་གིས་དེར་བློ་ཡིད་མ་ཚིམ་པར། ཉེ་བའི་ལོ་ཤས་རིང་ཁོང་ཚོས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས། ཤིང་འབྲས་ར་བར་ཉ་རྫིང་གསུམ་བསྐྲུན་པ་དང་ཀུ་ཤུའི་སྡོང་པོའི་འོག་ཏུ་བྱ་དེ་དང་ཡཱ་ཙེ་གསོས་ནས། ཡུལ་སྐོར་བས་ཡུལ་ལྗོངས་ལ་རོལ་བ་དང་སྤྲོ་གསེང་ཉ་འཛིན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད། ད་ལྟ་ལའོ་མཱ་ཡི་ཤིང་འབྲས་རི་གྲོང་དེ་ས་གནས་དེ་གའི་མིང་གྲགས་ཅན་གྱི་ཞིང་པའི་སྤྲོ་སྐྱིད་ཁང་དུ་གྱུར་ནས་གཟའ་མཇུག་ལ་སླེབས་རིམ་བཞིན་རླངས་འཁོར་འཇོག་སའི་ནང་རླངས་འཁོར་གྱིས་ཁེངས་ཀྱི་ཡོད།
“དེ་སྔོན་ཚང་མས་རི་སྔོ་ཆུ་དྭངས་བསྲུངས་ནས་འཚོ་བ་སྐྱོ་པོ་སྐྱེལ་གྱི་ཡོད། ད་ལྟ་ཚང་མས་རི་བོ་ཆེན་པོར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། འཚོ་བ་ནི་མངར་སྙིང་ཀུ་ཤུ་ལས་ཀྱང་མངར”ཞེས་ལའོ་མཱ་ཡིས་མིག་སྔའི་འཚོ་བར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཕྲུ་གུ་ཚོ་ཡང་ཧ་ཅང་བསམ་ཤེས་ཐོངས་པོ་ཡོད་ཅིང་། ཕྲུ་གུ་རྒན་ཤོས་བུ་བཅོལ་ཁང་དུ་དགེ་རྒན་བྱེད་བཞིན་ཡོད་པ་དང་། ཆུང་བ་དེ་ཆུས་ཆུ་བེད་ཅུས་སུ་ལས་ཀ་བྱེད་པ། དམག་ཞབས་ཐིམ་མ་ཐག་པའི་བུ་འབྲིང་བ་ད་ལྟ་ལས་ཀ་འཚོལ་བཞིན་ཡོད་པ་རེད། ལའོ་མཱ་བློ་མི་བདེ་ཚ་ཤོས་ནི་བཟའ་ཟླ་རེད། ན་ནིང་། པད་མ་མཆོག་གི་གློ་བར་གཤགས་བཅོས་བྱས་ནས་ད་ལྟ་ཕ་ཡུལ་སི་ཁྲོན་དུ་ལུས་པོ་གསོ་བཞིན་ཡོད། ལའོ་མཱ་ཡིས་ཞིང་པའི་སྤྲོ་སྐྱིད་ཁང་གཞན་ལ་འགན་གཙང་བཏང་ནས་ཕ་ཡུལ་དུ་ལོག་སྟེ་བཟའ་ཟླར་སྡོད་རོགས་བྱེད་པར་འགྲོ་རྒྱུའི་བསམ་བློ་གཏོང་བཞིན་ཡོད།
གསར་འགོད་པ་ཁ་གྱེས་སྐབས་ལའོ་མཱ་དང་ལས་མི་ཁག་གཅིག་ད་དུང་ཤིང་འབྲས་ལྡུམ་རའི་ནང་ལས་ལ་བྲེལ་བཞིན་ཡོད། ངོ་གདོང་ནག་ལ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དང་། སྐེད་པ་འདྲོང་བའི་གཟུགས་བརྙན་དེ་དུས་རབས་གསར་པའི་ཞིང་པ་ཁྲི་སྟོང་མང་པོ་དང་འདྲ་བར། ས་གཞི་གཤིན་པོར་རྩ་བ་བརྟན་པོ་ཚུགས་ནས་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།