དབུ་ཤོག>གསར་འགྱུར།
  • ངའི་རྒྱ་རིགས་ཨ་མ་ལགས་ཀྱི་མིང་ལ་དབྱངས་ཅན་ཟེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2020-09-10

    767737_yis_1599628332727_s.jpg

    འདི་ནི་འཆི་མེད་སྒྲོལ་དཀར་གྱིས་རང་ཁྱིམ་གྱི་སྒོ་རའི་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    1956ལོའི་ཟླ་6པར་བོད་ལྗོངས་ལས་དོན་ཨུ་ལྷན(ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང)གྱིས་བོད་རིགས་གཞོན་ནུ་ལོ་ཆུང་བསྡུས་ནས་ནང་སར་སློབ་སྦྱོང་དུ་གཏོང་རྒྱུའི་བརྡ་ཐོ་བཏང་བ་རེད།

    ཐོག་མར་བོད་ནས་རྒྱལ་ས་པེ་ཅིང་དུ་སྐྱོད་སྐབས། ང་ཚོ་ཕྲུ་གུ་ཚོར་དངངས་འཚབ་དང་རེ་བ་ཅིག་ཅར་དུ་བྱུང་། སྔོན་ལ་རྟར་བཞོན་པ་དང་དེ་ནས་དོས་སྐྱེལ་རླངས་འཁོར་ལ་བསྡད་ནས་ཉིན་ཉི་ཤུ་ལྷག་ཙམ་སོང་མཐར་ཀྲུང་དབྱང་མི་རིགས་སློབ་གླིང(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན་ཡིན)དུ་འབྱོར་སོང་། དེ་གར་བོད་ཀྱི་སློབ་མ་400ལྷག་ཙམ་འཛིན་གྲྭ་9ལ་བགོས་ནས་རིག་གནས་སྐོར་གྱི་སློབ་ཚན་སྦྱོང་འགོ་བཙུགས་ཤིང་། འཛིན་གྲྭ་རེར་རྒྱ་རིགས་དགེ་རྒན་གཉིས་རེ་ང་ཚོའི་འཚོ་བར་ལྟ་སྐྱོང་གི་འགན་ཁུར་བར་བཀོད་སྒྲིག་བྱས་འདུག སྐབས་དེའི་ཆ་རྐྱེན་ད་ལྟ་དང་སྡུར་ཐབས་མེད་པའི་ཁར་ལ་ལུང་མང་པོ་བརྒལ་ནས་དཀའ་སྡུག་ཚད་མེད་མྱངས་པས། ཚང་མའི་ལུས་ཡོངས་ལ་སྲོ་མས་གང་བ་དང་གྱོན་གོས་ཀྱང་ཙབ་ཧྲལ་ཤ་སྟག་རེད། བོད་ནས་ཡོང་བའི་ཐལ་རྡུལ་དང་དྲེག་པས་ཚོས་པའི་ཕྲུ་གུ་རྣམས་མཐོང་བས་འཚོ་བའི་དགེ་རྒན་གྱིས་འཕྲལ་དུ་ང་ཚོ་ཁྲིད་ནས་སྐྲ་བཞར་བ་དང་གཟུགས་པོ་འཁྲུ་རུ་བཅུག་ཁར་ད་དུང་མི་རེ་ངོ་རེར་སློབ་གོས་གསར་པ་རེའང་སྤྲད་སོང་། ནང་མི་དང་ཁ་གྱེས་ཐེངས་དང་པོ་ཡིན་པའི་ང་ལ་ཆ་མཚོན་ན། དགེ་རྒན་རྣམ་པས་ལྟ་སྐྱོང་ཡག་པོ་དང་བརྩེ་སེམས་ཟོལ་མེད་གནང་བའི་དབང་གིས་དྲོ་སྐྱིད་ལྡན་པའི་སྣང་བ་བྱུང་། དེ་སྔོན་སློབ་གྲྭར་གཏན་ནས་འགྲོ་མྱོང་མེད་པའི་ང་ལ་སློབ་གོས་གསར་པ་གོན་པའི་སྐད་ཅིག་མར་དགའ་ཚོར་ཚད་མེད་བྱུང་།

    སློབ་སྦྱོང་བྱེད་རིང་། ང་ལ་སེམས་ཁུར་དང་ལྟ་སྐྱོང་གང་ལེགས་གནང་ཁར་སོ་སོའི་ལེགས་ཆར་བརྟེན་ནས་ངའི་མི་ཚེ་གང་པོར་ཤུགས་རྐྱེན་སྦྱིན་མཁན་ནི་འཛིན་བདག་དགེ་རྒན་ཧྲེན་རུའེ་ཀྲི་རེད། ཁོང་གི་མིང་ལ་དབྱངས་ཅན་ཡང་ཟེར། ང་ཚོས་ཁོང་ལ་དགེ་རྒན་དབྱངས་ཅན་ལགས་ཞེས་འབོད་རྒྱུར་དགའ་པོ་ཡོད། འཛིན་གྲྭའི་ནང་ང་ལོ་ན་ཆུང་ཤོས་ཡིན་པར་བརྟེན་དགེ་རྒན་དབྱངས་ཅན་ལགས་ཀྱི་ལྟ་སྐྱོང་དང་སེམས་ཁུར་གཞན་ལས་ལྷག་པ་གནང་གི་ཡོད། དགེ་རྒན་ཁོང་ནི་ཧྲང་ཧའེ་ནས་ཡིན་པ་དང་། 1950ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་ཡིག་འཛིན་གྲྭར་བོད་སྐད་སྦྱོང་མྱོང་བ་དང་། ཁོང་གིས་རྒྱུན་དུ་བོད་སྐད་ནས་ང་ཚོ་བོད་རིགས་ཕྲུ་གུ་རྣམས་དང་སྤེལ་རེས་གནང་གི་ཡོད་པས་རྒྱང་ཐག་རིང་བའི་པེ་ཅིང་དུ་ང་ཚོར“ཕ་ཡུལ”གྱི་སྣང་བ་བྱུང་།

    ནང་སར་སློབ་གྲྭ་འགྲིམས་པའི་ལོ་12ཀྱི་རིང་། གྲངས་ཉུང་མི་རིགས་ཀྱི་སློབ་མར་རྒྱལ་ཁབ་ཀྱིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ངས་གཏིང་ཟབ་ཚོར་བྱུང་། ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་རིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་སློབ་གྲྭར་ཐེངས་མང་ཕེབས་ནས་སློབ་མ་རྣམས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། བོད་རིགས་སློབ་གྲོགས་རྣམས་རྟག་ཏུ་མཇལ་འཕྲད་གནང་བའི་དཔུང་ཁག་གི་མདུན་གྲལ་དུ་བཀོད་སྒྲིག་བྱེད་ཀྱི་ཡོད།

    བོད་དུ་ལོག་རྗེས། ང་རང་སྨན་གླིང་རྫོང་དུ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས་ཤིང་། ལོ་གཉིས་སོང་རྗེས། སྙེ་མོ་རྫོང་བྲག་སྐོར་ཤང་དུ་དགེ་རྒན་བྱས་པ་ཡིན། ལུང་པ་དེ་ནི་ས་བབ་མཐོ་ཚད་སྨི་4500ཟིན་པའི་སྙེ་མོ་རྫོང་གིས་ཐག་རིང་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ཤང་ཞིག་རེད། སྐབས་དེར་ཤང་དུ་སྒེར་བཙུགས་སློབ་གྲྭ་གཅིག་ཀྱང་མེད་པས་མང་ཚོགས་མང་ཆེ་བ་ཡིག་རྨོངས་རེད།

    ཐོག་མར་བྲག་སྐོར་ཤང་དུ་སླེབས་སྐབས། ང་ཧ་ཅང་བློ་མི་བདེ་བ་བྱུང་། དགེ་རྒན་བྱེད་དུ་ཡོང་བ་ཡིན་ཞེས་ལབ་ཡོད་ཀྱང་ཡུལ་མི་ཚོས་དགེ་རྒན་ཟེར་བ་ག་རེ་བྱེད་མཁན་ཡིན་པའང་ཤེས་ཀྱི་མེད། ཕྲུ་གུ་ཚོ་སློབ་གྲྭ་ཉིན་གཅིག་ཀྱང་འགྲིམས་མ་མྱོང་བས་ཡི་གེ་འགོ་ནས་སློབ་དགོས་ཀྱི་འདུག བ་ཚང་སློབ་ཁང་དུ་བྱས་པ་དང་མང་ཚོགས་ཀྱི་ཁྱིམ་ནས་གཡར་བའི་ཤིང་སྒོ་ནག་པང་དུ་བྱས་པ་ཡིན། གནམ་དྭངས་སྐབས་ངས་ལྕུག་ཕྲན་གྱིས་སྨྱུ་གུའི་ཚབ་བྱས་ནས་ཕྲུ་གུ་ཚོར་ས་སྟེང་དུ་ཡི་གེ་འབྲི་སྟངས་བསླབས་པ་དང་། ཆར་པ་འབབ་དུས་ང་ཚོ་བ་ཚང་ནང་སྐྱིལ་ཀྲུང་དུ་བསྡད་ནས་སློབ་ཚན་ཁྲིད་པ་ཡིན།

    དེ་དུས། ངའི་ཟླ་བ་རེའི་གླ་ཆ་སྒོར་47.5ཡོད་པ་དེ་དག་ཧ་ལམ་ཤོག་སྨྱུག་དང་སློབ་དེབ་སོགས་སློབ་སྦྱོང་གི་མཁོ་ཆས་ཉོས་ཏེ་རྫོགས་ཀྱི་ཡོད། དེ་ལྟར་ང་རང་བྲག་སྐོར་ཤང་དུ་ལོ་གསུམ་བསྡད་པ་ཡིན། ལོ་དེ་དག་གི་རིང་ངས་ཕྲུ་གུ་ཚོར་སློབ་ཆུང་ལོ་རིམ་ལྔ་པའི་བར་གྱི་སློབ་ཚན་ཡོངས་རྫོགས་བསླབས་ཚར། སློབ་མ་དེ་དག་ཀྱང་ནར་སོན་རྗེས་ཁ་ཤས་དམངས་གཉེར་དགེ་རྒན་དང་། ལ་ལ་སྨན་པ། ད་དུང་ཕྲུ་གུ་ཉུང་ཤས་ཤིག་རྫོང་དུ་དམའ་འབྲིང་འགྲིམས་ནས་བྲག་སྐོར་ཤང་གི་རིག་གནས་ཡོད་མཁན་ཁག་དང་པོར་གྱུར།

    1974ལོའི་ཟླ་7པར་ང་རང“བ་ཚང་སློབ་ཆུང”ནས་གྱེས་ཏེ་སྙེ་མོ་རྫོང་ལྟེ་བའི་སློབ་ཆུང་དང་སྙེ་མོ་རྫོང་སློབ་འབྲིང་དུ་སྔ་ཕྱིར་རྒྱ་ཡིག་ཁྲིད་པ་ཡིན། དེའི་རིང་། ངས་རྟག་པར་ཕྲུ་གུ་ཚོར་པེ་ཅིང་དུ་སློབ་གྲྭ་འགྲིམ་སྐབས་ཀྱི་སློབ་སྦྱོང་དང་འཚོ་བའི་སྐོར་དང་། པེ་ཅིང་དུ་ང་ལ་རྒྱ་རིགས་ཨ་མ་དབྱངས་ཅན་ཟེར་བ་ཞིག་ཡོད་པ། དེ་བཞིན་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་མེས་རྒྱལ་གྱིས་སེམས་ཁུར་དང་རོགས་རམ་གནང་ལུགས་བཅས་བརྗོད་པ་ཡིན།

    མི་རིགས་མཐུན་སྒྲིལ་རང་ཉིད་ངོ་མས་བརྒྱུད་མྱོང་མཁན་མི་རབས་དང་པོ་ཡིན་པའི་ང་རང་ལ་སོ་སོ་རང་གི་མྱོང་བརྒྱུད་དང་ཚོར་སྣང་མཐའ་དག་ཕྲུ་གུ་སྔར་བས་མང་བར་རྟོགས་སུ་འཇུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་ས་བོན་ཁོ་ཚོའི་སེམས་གཏིང་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་སུ་འཇུག་པའི་འགན་འཁྲི་ཡོད།

    མི་སྣ་ངོ་སྤྲོད།

    འཆི་མེད་སྒྲོལ་དཀར། མོ། བོད་རིགས། 1946ལོར་སྐྱེས། 1956ལོ་ནས་1968ལོའི་བར་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན)དུ་སློབ་སྦྱོང་བྱས་པ་དང་། 1968ལོ་ནས་1970ལོའི་བར་སྨན་གླིང་རྫོང་དུ་སློབ་སྦྱོང་དང་སྦྱོང་བརྡར་བྱས། 1970ལོ་ནས་1985ལོའི་བར་སྙེ་མོ་རྫོང་དུ་སློབ་ཁྲིད་ལས་དོན་བསྒྲུབས། ཕྱིས་སུ་སྙེ་མོ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་སྙེ་མོ་རྫོང་སློབ་འབྲིང་གི་སློབ་སྤྱི་གཅིག་ལྕོགས། སྙེ་མོ་རྫོང་གི་རྫོང་དཔོན་གཞོན་པ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་གཞོན་པ། ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་འཁུར་མྱོང་། 2002ལོར་རྒན་ཡོལ་ཞུས་པ་དང་ད་ཆ་ལྷ་སར་བསྡད་ཡོད།

    767707_yis_1599624613071_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་དེ་བཤེར་རོགས)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།