དབུ་ཤོག>གསར་འགྱུར།
  • “ཚང་མས་ང་ལ་དབང་རྒྱལ་བཀྲ་ཤིས་ཞེས་འབོད་དུས་དེ་བས་དགའ་པོ་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2020-09-09

    767347_yis_1599541233828_s.jpg

    འདི་ནི་ཀྲང་ཁྲང་ཆིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    དབང་རྒྱལ་བཀྲ་ཤིས་ཞེས་པའི་མིང་འདི་ང་རང་བོད་དུ་ལས་ཀར་སླེབས་རྗེས་རྒྱལ་རྩེའི་བོད་རིགས་མང་ཚོགས་ཀྱིས་བཏགས་པ་ཞིག་རེད། འདི་ལས་ཡུལ་དེའི་མང་ཚོགས་ཀྱི་སྨོན་འདུན་བཟང་པོ་དང་དེ་བཞིན་བོད་སྐྱོད་ལས་བྱེད་པ་དང་མཉམ་དུ་འབྱུང་འགྱུར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་རེ་སྒུག་ཟབ་མོ་མཚོན་གྱི་ཡོད། ད་བར་བོད་དུ་ལས་ཀ་བྱས་ནས་ལོ་སུམ་ཅུ་ལྷག་འགྲོ་ཡི་འདུག་པས། ཚང་མས་ང་ལ་དབང་རྒྱལ་བཀྲ་ཤིས་ཞེས་འབོད་དུས་ང་རང་དེ་བས་དགའ་པོ་འདུག

    1951ལོའི་ཟླ་7པར་བོད་རིགས་དང་རྒྱ་རིགས་བློ་མཐུན་400ལྷག་ལས་གྲུབ་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་18པའི་བོད་སྐྱོད་སྔོན་སྐྱོད་ཉིང་ལག་རུ་ཁག་སི་ཁྲོན་དཀར་མཛེས་ནས་བོད་ལྗོངས་ཆབ་མདོར་ཐོན་ཏེ་ཆབ་མདོའི་གཡུལ་འགྱེད་ལ་ཞུགས་པ་རེད། ང་ནི་སྐབས་དེའི་ཉིང་ལག་རུ་ཁག་གི་རུ་མི་ཞིག་ཡིན།

    བོད་དུ་རྒྱང་སྐྱོད་བྱེད་པ་ནི་དམར་དམག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་དང་འདྲ་བར་དཀའ་ཚེགས་ཤིན་ཏུ་ཆེན་པོ་རེད། ང་ཚོས་མི་མཐོང་རྒྱུ་མེད་པའི་གངས་རི་ཆེན་པོ་19བརྒལ་བ་དང་། ཟ་འབྲུ་མཁོ་འདོན་མ་ཐུབ་པར་གྲོད་ཁོག་སྟོང་པར་དཔུང་སྐྱོད་བྱ་རྒྱུ་ནི་འགྲན་སློང་ཆེ་ཤོས་དེ་རེད། གྲོད་ཁོག་རྒྱགས་པའི་ཆེད་དུ་ང་ཚོས་གང་སར་རྩི་ཤིང་གི་རྩ་བ་དང་སྔོ་ཚོད་འཚོལ་བ་དང་ཐ་ན་ཙི་ཙི་བཟུང་ནས་ཟ་ཡི་ཡོད། ལྟོགས་སྒོམ་བརྒྱབ་པ་ནི་ང་ཚོའི་དྲན་ཤེས་ཟབ་ཤོས་དེ་ཡིན་ལ། སྐབས་དེ་དུས་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་ལོ་ཟླའི་ནང་བོད་རིགས་མང་ཚོགས་ཀྱི་བབ་ཆགས་ཟོལ་མེད་ཀྱི་བརྩེ་སེམས་ནི་ང་ཚོར་སེམས་གསོ་ཡག་ཤོས་རེད།

    ཆབ་མདོའི་གཡུལ་འགྱེད་ཚར་རྗེས་རྩ་འཛུགས་ཀྱིས་ང་རང་རྒྱལ་རྩེ་རྫོང་དུ་བོད་ལྗོངས་ལས་དོན་ཨུ་ལྷན་རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ལྷན་གྱི་སྤྱི་ཚོགས་པུའུ་སྤྱི་བདེ་ཁྲུའུ་ཡི་ཁོའོ་ཀྲང་གི་འགན་ཁུར་བར་མངགས་བྱུང་། ལས་ཀ་གཙོ་བོ་ནི་ཏང་གིས་བོད་དུ་ལག་བསྟར་བྱེད་པའི་སྲིད་ཇུས་དྲིལ་བསྒྲགས་དང་ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་སྐྱེད་མེད་བུ་ལོན་གཏོང་རྒྱུ་དེ་རེད། 1950ལོའི་ཟླ་3པར་སི་ཁྲོན་ལེ་ཧྲན་བོད་སྐད་གསོ་སྦྱོང་འཛིན་གྲྭར་བོད་ཡིག་ཟླ་བ་ཁ་ཤས་སྦྱངས་པས། ངས་བོད་སྐད་ལ་བརྟེན་ནས་མི་སེར་དང་འབྲེལ་འདྲིས་དང་སྤེལ་རེས་བྱེད་ཐུབ་ཙམ་བྱུང་།

    1960ལོའི་ལོ་འགོར་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་ཆེད། ངས་བཟའ་ཟླ་དང་གྲོས་བསྡུར་བྱས་མཐར་ལོ་གཅིག་ལའང་མ་སོན་པའི་བུ་ཀྲང་ཡན་ཤིས་ཤིས་ཨན་དུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་བྱིས་གསོ་ཁང་དུ་སྐྱེལ་བ་ཡིན། 1961ལོར་ང་གཉིས་ཀྱི་བུ་གཞོན་པ་ཀྲང་ཡན་ཧྥུང་རྒྱལ་རྩེར་སྐྱེས་པ་རེད། ཕྲུ་གུ་ལོ་གཉིས་ལྷག་ཙམ་ལ་སླེབས་ཀྱང་ད་དུང་སྐད་ཆ་ཤོད་ཤེས་ཀྱི་མེད་ལ་གོམ་པའང་སྤོ་ཤེས་ཀྱི་མེད། དེའི་སེམས་ཁྲལ་རྐྱེན་གྱིས་བཟའ་ཟླ་ཟས་པའི་བཅུད་དང་ཉལ་བའི་གཉིད་དང་བྲལ། སྨན་པས་དེ་ནི་གསོ་རླུང་མ་འདང་བའི་རྐྱེན་གྱིས་རེད། གལ་ཏེ་ད་དུང་ཕྲུ་གུ་ནང་སར་མ་བསྐྱལ་ན་ཕྱིས་སུ་ཕྲུ་གུའི་གཟུགས་པོ་དང་རིག་སྟོབས་ལ་སྐྱོན་རྒྱག་ངེས་རེད་ཟེར། ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བས་ང་གཉིས་ཀྱིས་བུ་གཞོན་པའང་ཤིས་ཨན་དོན་གཅོད་ཁྲུའུ་བྱིས་གསོ་ཁང་དུ་བསྐྱལ་བ་ཡིན། དེ་དུས་བཟའ་ཟླས་རྟག་ཏུ་ནམ་ཕྱེད་ཙམ་ལ་ལྐོག་ཏུ་མིག་ཆུ་གཏོང་གི་ཡོད་མོད། འོན་ཀྱང་འཁང་ར་གཏན་ནས་བྱེད་མྱོང་མེད། ནང་ས་ནས་ལོག་ཡོང་བའི་ལས་རོགས་ཚོས་ཁོང་ལ་ཁྱེར་བའི་རྔན་པ་ཚང་མ་ཁོང་གིས་ཉེ་འགྲམ་གྱི་བོད་རིགས་ཕྲུ་གུ་ཚོར་སྟེར་བ་དང་ཕྲུ་གུ་དེ་དག་རང་ཉིད་ཀྱི་ཤ་ལས་མཆེད་པའི་ཕྲུ་གུ་ལྟ་བུར་བརྩི་ཡི་ཡོད། 1968ལོར་ང་ཚོ་ནང་མི་བཞི་པོ་གཞི་ནས་གཞིས་རྩེར་མཉམ་འཛོམས་བྱུང་།

    བྱིས་གསོ་ཁང་གི་རྒན་ལགས་ཚོས་ཕྲུ་གུ་ཚོར་ཕ་མ་ལྟ་བུའི་བྱམས་སྐྱོང་དང་གཅེས་སེམས་གནང་བ་དང་། ད་དུང་ཁོང་ཚོར་ཤེས་བྱ་རིག་གནས་དང་ཚེ་གང་ལ་ཕན་པའི་གཤིས་བཟང་ཀུན་སྤྱོད་བསླབས་གནང་བ་མ་ཟད། “བོད་ལྗོངས”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ཕྲུ་གུ་གཉིས་ཀྱི་སྙིང་ཁོང་རུས་པའི་གཏིང་དུ་ཟུག་པར་མཛད་ཡོད། ཕྲུ་གུ་གཉིས་ཀྱིས་ངའི་རྒྱུན་འཛིན་བྱས་ཏེ་སྔ་རྗེས་སུ་བོད་དུ་ཡོང་ནས་སློབ་གྲྭ་འགྲིམ་པ་དང་བོད་དུ་ལས་ཀ་བྱས་ནས་བསྡད་ཡོད།

    ང་དང་བོད་ཀྱི་གཏམ་རྒྱུད་ད་དུང་ཧ་ཅང་མང་བས་བཤད་ནས་ཚར་རྒྱུ་མེད། དེང་གི་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ་འགྲོ་ཡི་ཡོད། དེ་ནི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་ལས་བྱུང་བ་ཞིག་རེད་ལ། བོད་དུ་ཡོད་པའི་ལས་བྱེད་པ་གྲངས་ལས་འདས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་གཡུར་དུ་ཟ་བ་ཞིག་རེད།

    མི་སྣ་ངོ་སྤྲོད།

    ཀྲང་ཁྲང་ཆིང་། ཕོ། རྒྱ་རིགས། 1929ལོའི་ཟླ་4པར་སྐྱེས། ཧོ་པེ་ཝུའེ་རྫོང་ནས་ཡིན། 1947ལོའི་ཟླ་9པར་གསར་བརྗེར་ཞུགས། 1948ལོའི་ཟླ་5པར་ཏང་ལ་ཞུགས། 1949ལོའི་ཟླ་3པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་ང་གཉིས་པའི་ཆབ་སྲིད་པུའུ་དྲིལ་བསྒྲགས་རུ་ཁག་གི་རུ་མི་དང་ཡན་ལག་རུ་དཔོན་བྱས། 1951ལོའི་ཟླ་7པར་ཧྲི་ཤོག་ང་གཉིས་པའི་སྔོན་སྐྱོད་ཉིང་ལག་རུ་ཁག་གི་རུ་མི་ཞིག་གི་ངོས་ནས་བོད་དུ་བསྐྱོད་དེ་ཆབ་མདོའི་གཡུལ་འགྱེད་ལ་ཞུགས་པ་དང་1951ལོའི་ཟླ་9པར་རྒྱལ་རྩེར་བཅའ་སྡོད་བྱས།

    བོད་དུ་ལོ་37སྡོད་རིང་སྔ་རྗེས་སུ་རྒྱལ་རྩེའི་གནས་སྐབས་ཡན་ལག་ལས་དོན་ཨུ་ལྷན་དང་། རྒྱལ་རྩེའི་ཡན་ལག་ལས་དོན་ཨུ་ལྷན་སྤྱི་ཚོགས་པུའུ། རང་སྐྱོང་ལྗོངས་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་སོགས་ཚན་པར་ལས་ཀ་བྱེད་མྱོང་བ་མ་ཟད། འགོ་ཁྲིད་ཀྱི་ལས་འགན་ཡང་འཁུར་མྱོང་ཡོད། 1988ལོའི་ཟླ་3པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལས་བྲལ་ངལ་གསོ་བརྒྱབ་པ་དང་མིག་སྔར་ཤིས་ཨན་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ཁའེ་ཧྥུང་ལས་བྱེད་པའི་ལུས་གསོ་ཁང་དུ་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད།

    767346_yis_1599541233235_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་དེ་བཤེར་རོགས)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།