ལེ་ཚན་གཏོད་པའི་གཏམ།
བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཀྱིས“མི་རིགས་མཐུན་སྒྲིལ་ཟླ་བ”གཏན་འཁེལ་བྱས་ནས་ལོ་30འཁོར་བ་དང་སྐབས་འཁེལ་ཡོད། དེ་རིང་ནས་བཟུང་། འདི་ག་ཚགས་པར་དང་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་དུ“‘བོད་སྐྱོད་པ་རྒན་གྲས’ཀྱིས་མི་རིགས་མཐུན་སྒྲིལ་སྐོར་གླེང་བའི”རིམ་སྤེལ་འཕྲིན་སྤེལ་བཀོད་དེ། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་དང་། རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་བཅར་འདྲི་ཞུས་པ་བརྒྱུད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་འཕེལ་རྒྱས་སོགས་ཀྱི་དུས་སྐབས་ཁག་ལ་མི་རིགས་ཁག་གི་བུ་ཕྲུག་ཚོས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་དེ། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་གཏོང་རྒྱུ་ཡིན།
1959ལོར། ངས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཚི་ཤིས་རྫོང(ད་ཆའི་ཚི་ཤིས་གྲོང་ཁྱེར)དུ་རྫོང་དཔོན་གཞོན་པའི་འགན་ཁུར་བཞིན་ཡོད། ཉིན་ཞིག གློ་བུར་དུ་རྩ་འཛུགས་སྡེ་ཚན་གྱི་བརྡ་ཐོ་འབྱོར་ནས། ང་རང་བོད་དུ་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་དགོས་གསུངས་བྱུང་།
ཕྱིས་སུ་ཤེས་རྟོགས་བྱུང་བར། ང་ཚོ་མཉམ་དུ་ཁྱོན་ལས་བྱེད་པ་12ཡོད་པ་དེ་དག་གིས་ཀྲེ་ཅང་ཞིང་ཆེན་གྱི་ཚབ་ཞུས་ནས་བོད་ལྗོངས་ནག་ཆུ་ས་ཁུལ(ད་ཆའི་ནག་ཆུ་གྲོང་ཁྱེར)དུ་ལས་དོན་སྤེལ་བར་བསྐྱོད་རྒྱུ་རེད།
ཚི་ཤིས་ནས་ཐོན་ཏེ་ཟླ་བ་གཅིག་ཙམ་གྱི་དུས་ཚོད་སྤྱད་པ་བརྒྱུད། ང་ཚོ་གཞི་ནས་ནག་ཆུར་འབྱོར། རྡོག་ཐོན་བྱེད་སྐབས་ཀྱི་ངར་ཤུགས་ཆེན་པོ་དང་དམག་འཐབ་ཀྱི་ལས་གནས་གསར་པར་ཡིད་སྨོན་ཚད་མེད་སྐྱེས། འོན་ཀྱང་མིག་མདུན་དུ་འཆར་བའི་ཐང་རྒོད་དང་ས་མཐོའི་ལ་དུག་གིས་ཡིད་ཐང་ཆད་པ་མ་ཟད། ངའི་ལུས་པོའང་ནད་ཀྱིས་མནར། མཉམ་དུ་ཡོད་པའི་བློ་མཐུན་གཞན་དག་ནག་ཆུར་ལས་ཀ་བྱས་ནས་བསྡད་པ་དང་། ང་ལྷ་སར་སྨན་བཅོས་བྱེད་པར་མི་འགྲོ་ཀ་མེད་བྱུང་། གཟུགས་པོ་དྲག་སྐྱེད་བྱུང་རྗེས། རྩ་འཛུགས་ཀྱིས་ང་རང་སྔ་རྗེས་སུ་ལྷ་སའི་གྲོང་གསེབ་ལས་དོན་པུའུ་དང་ཚོང་ལས་ཅུས་ལ་ལས་ཀ་བཀོད་སྒྲིག་བྱས་པ་དང་། 1962ལོར་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང(ད་ཆའི་སྟག་རྩེ་ཆུས)དུ་ལས་ཀ་བྱེད་པར་བསྐྱོད་ནས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་གཞོན་པའི་འགན་ཁུར་བ་ཡིན།
བོད་དུ་ལས་ཀ་བྱེད་རིང་། ང་ལ་བོད་རིགས་ལས་བྱེད་པ་དང་མང་ཚོགས་ཀྱི་བབ་ཆགས་དང་གཞུང་དྲང་མྱོང་ཚོར་ཏན་ཏིག་བྱུང་ཞིང་། ནང་མི་དང་ཁ་བྲལ་བའི་ང་ཚོའི་ངོས་ནས་བཤད་ན། བརྩེ་སེམས་འདི་འདྲ་ནི་དངོས་གནས་དྲོ་སྐྱིད་ལྡན་པ་ཞིག་འདུག སྐབས་དེ་དུས་ཀྱི་སྟག་རྩེ་རྫོང་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་ལ། དཔལ་འབྱོར་རྨང་གཞི་ཡང་ཧ་ཅང་ཞན་པོ་ཡོད་པས། ལས་ཀ་བྱེད་སྐབས་དཀའ་ངལ་མང་པོ་འཕྲད་བྱུང་། ལས་ཀའི་ཁོར་ཡུག་གསར་པ་དང་དཀའ་ངལ་དང་འགྲན་སློང་གི་མདུན་དུ། ངས་རྟག་ཏུ་མི་རིགས་ལས་བྱེད་པར་སློབ་སྦྱོང་དང་བཀའ་འདྲི་ཞུ་གི་ཡོད། ཁོང་ཚོའི་སེམས་རྩ་འཁོལ་བའི་རོགས་རམ་འོག ངས་ལྕི་བ་འབུད་ནས་མེ་གང་འདྲ་གཏོང་བ་དང་། ཇ་བསྲུབས་མ་བཟོ་བ། རྩམ་པ་ཟ་བ་སོགས་སྦྱོང་འགོ་ཚུགས་པ་དང་འབྲེལ། ཁོང་ཚོའི་ཤུགས་རྐྱེན་འོག་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་། མི་རིགས་ཀྱི་རིག་གནས། ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་བྱེད་དགོས་པ་ཤེས་བྱུང་།
ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ལས་དོན་མཇུག་འགྲིལ་རྗེས། ང་ཚོས་མངའ་བདག་ཆེན་པོ་གསུམ་གྱི་རྒྱུ་ནོར་གཞུང་བཞེས་བཏང་བ་རྣམས་མི་སེར་དབུལ་པོར་བགོ་བཤའ་བརྒྱབ་པ་ཡིན། འདི་ནི་རང་འཁྲིའི་ལས་ཀ་ཞིག་ཡིན་མོད། མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་ཐུགས་རྗེ་ཆེ་ཚད་མེད་ཞུས་བྱུང་། ཁོང་ཚོས་མའོ་ཀྲུའུ་ཞིས་མངགས་གཏོང་མཛད་པའི་ལས་བྱེད་པ་འདི་དག་ནི། ཁོང་ཚོར་བདེ་སྐྱིད་སྦྱིན་མཁན་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག བོད་རིགས་མང་ཚོགས་ཀྱི་ཟོལ་མེད་བརྩེ་སེམས་ཀྱིས་ང་ལ་སེམས་འགུལ་ཚད་མེད་ཐེབས་ནས། ས་མཐོར་ལེགས་སྐྱེས་འབུལ་བ་དང་བོད་དུ་བྱས་རྗེས་འཇོག་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་སོང་།
རི་ཁུལ་དང་གྲོང་གསེབ་ཏུ་སྐྱོད་པའི་འབོད་སྐུལ་ལ་དང་ལེན་ཞུ་ཆེད། མཐོ་རིམ་སློབ་འབྲིང་ཐོན་པའི་བུ་མོ་འབྲིང་བ་ཅན་དབྱིང་ཁོ་མོའི་ཨ་མས་སྟག་རྩེ་རྫོང་པད་ནག་ཀུང་ཧྲེའི་ཐོན་སྐྱེད་རུ་ཁག་བརྒྱད་པར་གཞོན་ནུ་ཤེས་ཡོན་ཅན་བྱེད་པར་བསྐྱལ་ནས། བོད་རིགས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་ལ་ཞུགས། དང་ཐོག བུ་མོས་རང་ཉིད་ཀྱི་སློབ་གྲོགས་དང་གྲོགས་པོ་ཚོ་དང་ཁ་བྲལ་འདོད་བྱེད་ཀྱི་མེད་པ་དང་། རྗེས་སུ་ཨ་མས་ཁོ་མོར་བསམ་བློའི་སློབ་གསོ་ཡུན་རིང་བརྒྱབ་རྗེས། ཁོ་མོས་གཞི་ནས་གཞོན་ནུ་ཤེས་ཡོན་ཅན་གྱི་དཔུང་ཁག་ནང་ཞུགས་རྒྱུའི་མོས་མཐུན་བྱས་བྱུང་།
ཕྱིས་སུ་བུ་མོས་ཕྱིར་དྲན་བྱེད་སྐབས། སྐབས་དེ་དུས་ཀྱི་འཚོ་བ་ནི་ངའི་མི་ཚེའི་ནང་གི་ཆེས་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། དེའི་རིང་། ང་ལ་བོད་རིགས་ཡུལ་མི་མང་པོ་ཞིག་གིས་རོགས་རམ་དང་སྐུལ་ལྕག་བྱས་པ་དེ་དག་དུས་ད་ལྟའང་ངའི་བརྗེད་པར་དཀའ་ཞིང་དྲོ་སྐྱིད་ལྡན་པའི་དྲན་གསོ་ཞིག་ཏུ་གྱུར་སོང་ཞེས་བརྗོད།
བུ་མོ་ལས་བྱེད་པའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བས་ཆུང་དུས་ནས་དཀའ་སྡུག་དེ་ཙམ་མྱང་མྱོང་མེད།
ཐེངས་ཤིག བུ་མོ་གྲོང་གསེབ་ནས་ལྷ་སའི་ཁྱིམ་དུ་ལོག་སྐབས། ཁོ་མོའི་གྱོན་གོས་ལ་ལྷན་པས་ཁེངས་འདུག ང་གཉིས་བཟའ་ཚོ་གཉིས་པོར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་སྣང་དྲག་པོ་ཞིག་བྱུང་ནས་བོད་རིགས་ཡུལ་མིའི་བཀའ་དྲིན་ངམ་ཤུགས་སུ་ཚོར། གཞོན་ནུ་ཤེས་ཡོན་ཅན་གྱི་འཚོ་བས་ཕྲུ་གུར་སྦྱོང་བརྡར་དང་འཚར་ལོངས་བྱུང་ཡོད་ལ། བོད་རྒྱ་མི་རིགས་ཀྱི་སྤུན་ཟླའི་བརྩེ་སེམས་ཀྱང་དེ་བས་ཟབ་ཏུ་ཕྱིན་ཡོད། བུ་མོས། ངའི་གྱོན་གོས་ཀྱི་ལྷན་པ་བདུན་བཅུ་ལྷག་ཙམ་ནི་བོད་རིགས་ཨ་མ་རྒན་མོས་ཁབ་སྐུད་རེ་རེ་བྱས་ནས་བཙེམས་པ་ཞིག་ཡིན། དེ་ལས་གཞུང་དྲང་བབ་ཆགས་ཀྱི་བརྩེ་སེམས་མཚོན་གྱི་ཡོད་པས་ངས་ཚེ་གང་བརྗེད་མི་སྲིད་ཅེས་བརྗོད།
གྲོང་གསེབ་ཏུ་ལོ་གཉིས་ལྷག་ཙམ་འཚོ་བ་སྐྱེལ་རིང་། བུ་མོ་ཅན་དབྱིང་གིས་བོད་སྐད་གཙང་མ་ཞིག་ཤོད་ཤེས་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་དམ་ཟབ་ཐུབ་ཡོད། རྗེས་སུ་བུ་མོ་ལྷ་སར་ལས་ཀ་བྱེད་རིང་། ད་དུང་པད་ནག་གི་མང་ཚོགས་ཚོས་བུ་མོར་ཡང་སེ་ལྟ་བར་ཡོང་ནས། ཞིང་ཞོར་ཐོན་རྫས་སྣ་ཚོགས་འཁྱེར་ཡོང་བ་མ་ཟད། ད་དུང་ཚང་མར་གླེང་མི་ཚར་བའི་སྐད་ཆ་མང་པོ་ཤོད་རྒྱུ་ཡོད།
ང་ཚོའི་ནང་མི་ཚང་མ་བོད་དང་ལས་འབྲེལ་ཟབ་མོ་ཡོད་ཅིང་། འདི་ནི་བྲིས་ཀྱང་བྲིས་མི་ཚར་བའི་གཏམ་རྒྱུད་ཅིག་རེད། ནང་སར་ལོག་རྗེས། ངའི་རྨི་ལམ་དུའང་རང་ཉིད་འབད་འཐབ་དང་འཚོ་བ་སྐྱེལ་སའི་ཡུལ་དེ་རྟག་ཏུ་རྨིས་ཀྱི་འདུག ད་ཆ་བོད་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས། ལོ་བཅུ་གྲངས་གོང་དང་བསྡུར་ཚེ་གནམ་སའི་དབྱེ་བ་འཛོལ་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་བརྩོན་ལེན་དང་། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་མི་སྲིད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
མི་སྣ་ངོ་སྤྲོད།
འདི་ནི་ཧྲང་ཀོན་ཆིང་དབྱི་དང་ཁོང་གི་བཟའ་ཟླས་བོད་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རིང་གི་པར་རིས་ལ་ལྟ་བཞིན་པ།
ཧྲང་ཀོན་ཆིང་དབྱི། ཕོ། རྒྱ་རིགས། ཧྲན་ཏུང་ལིན་དབྱི་བ། 1929ལོའི་ཟླ་1པོར་སྐྱེས། 1946ལོའི་ཟླ་8པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས། 1948ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1959ལོར་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཚི་ཤིས་རྫོང(ད་ཆའི་ཚི་ཤིས་གྲོང་ཁྱེར)ནས་བོད་དུ་ཡོང་། ལྷ་ས་གྲོང་གསེབ་ལས་དོན་པུའུ་དང་། ལྷ་ས་ཚོང་ལས་ཅུས། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་། རང་སྐྱོང་ལྗོངས་རིག་གནས་སློབ་གསོ་འཕྲོད་བསྟེན་ཅུས། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ རང་སྐྱོང་ལྗོངས་དམངས་སྲིད་ཐིང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་ཚན་པར་སྔ་རྗེས་སུ་ལས་ཀ་བྱས། 1988ལོའི་ཟླ་11པར་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་ལས་གནས་ནས་རྒན་ཡོལ་ཞུས། མིག་སྔར་ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཀྲེང་ཀྲོའུ་ལས་བྱེད་པའི་ལུས་གསོ་ཁང་དུ་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད།