མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་བརྩམས་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ཤང་དུ་ལྷོ་པ་རིགས་དང་། རྒྱ་རིགས། བོད་རིགས་བཅས་ཀྱི་མང་ཚོགས་ཚོས་བློ་བདེ་བག་ཕེབས་ངང་མཉམ་དུ་མི་རིགས་མཐུན་སྒྲིལ་སྐོར་གླེང་བཞིན་པ།
འདི་ལོའི་ཟླ་5ཚེས་1ཉིན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱས་པ་དེ་ཐོག་ནས་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ནས་ས་གནས་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཞིང་ཆེན་ཐོག་མ་དེར་གྱུར་པ་མཚོན་པ་དང་དེས་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“མི་རིགས་ཁག་གི་ལས་བྱེད་པས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད། བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན་དེ་གཙོ་བོ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནས་གཙོ་བོར་མཚོན་པས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་བ།
བོད་ལྗོངས་ནི་བོད་རིགས་ཀྱིས་གཙོས་མི་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་ཞིང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་45ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་གྱིས་91.83%བཟུང་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། མི་རིགས་ཁག་འདི་གར་འཚོ་གནས་དང་། ཕན་ཚུན་མཉམ་འདྲེས། ལག་གདང་དཔུང་སྦྲེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཡངས་ཤིང་མཛེས་སྡུག་ལྡན་པའི་མངའ་ཁོངས་ས་ཆ་སྲུང་སྐྱོང་དང་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་བཏོད་ཡོད།
2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།
2019ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1697.82ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་1959ལོའི་སྒོར་དུང་ཕྱུར་1.74ལས་ལྡབ་205.8ཙམ་འཕར་ནས་དཔལ་འབྱོར་བསྡོམས་འབོར་ཤུགས་ཆེན་འཕར་ཡོད། 2019ལོར་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་ཡོད། སློབ་མ་མི་རེའི་ཆ་སྙོམས་ཀྱི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་སྒོར་3720ནས་སྒོར་4200བར་མཐོ་རུ་སོང་བ་དང་། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང(ཆུས)དབུལ་པོ74ཡི་དབུལ་ཞྭ་ཕུད་ཟིན་པ། དབུལ་པོ་དབུལ་རྐྱང་གི་གནད་དོན་གཞི་རྩའི་ཆ་ནས་བསལ་ཡོད།
གྲུབ་འབྲས་ཁག་སྐྱེ་བོ་ཀུན་གྱི་མཐོང་གསལ་དུ་འགྱུར་ཡོད། ད་ཆ་བོད་དུ་མི་རིགས་ཁག་དབར་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་ཡོད།
མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་བུམ་པ་རིའི་འདབས་སུ། བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ནས་ལོ་8སོང་ཡོད། འདི་གར་ལྟད་མོ་བ་ཤིན་ཏུ་མང་ཞིང་། ཁོང་ཚོས་ཀོང་ཇོའི་ཞབས་རྗེས་དེད་ནས་རྒྱ་བོད་དབར་གྱི་མི་སེམས་འགུལ་བའི་ལོ་རྒྱུས་སྙན་ངག་ལྟ་ཉན་བྱེད་བཞིན་མཆིས།
ལོ་ངོ་སྟོང་ཕྲག་དུ་མའི་རིང་། གཏམ་བཟང་དེ་དག་གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་འབྲེལ་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད། ད་ཆ་བོད་དུ་ལས་ཀ་བྱེད་མཁན་བོད་སྐྱོད་ལས་བྱེད་པའི་མི་རབས་རྗེས་མ་མི་ཉུང་བ་ཞིག་གིས་རང་ཉིད་ལ“བོད་ཀྱི་མི་རབས་གཉིས་པ”དང་ཐ་ན“བོད་ཀྱི་མི་རབས་གསུམ་པ”ཞེས་འབོད་པ་དང་ཁོང་ཚོས་བོད་ལྗོངས་རང་ཉིད་ཀྱི་ཕ་ཡུལ་ལ་བརྩི་ཡི་ཡོད།
འདི་ལོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་དཔེ་བཟང་ཁྱིམ་ཚང་56ལ་གཟེངས་བསྟོད་བྱས་པ་དང་། དེ་ནི་རང་ལྗོངས་སུ“མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང”དཔྱད་འདེམས་ལས་དོན་སྤེལ་ཐེངས་དང་པོ་དེ་རེད། ད་ཐེངས་ཀྱི་དཔྱད་འདེམས་ནང་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ཀྲང་ཝུའེ་ཡི་ཁྱིམ་ཚང་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད། “ང་དང་བཟའ་ཟླ་དབང་མོས་ལས་ཀ་དང་འཚོ་བའི་ཁྲོད་ཕན་ཚུན་རོགས་སྐྱོར་གྱིས་བདེ་སྐྱིད་འཚོ་བ་མཉམ་དུ་བསྐྱལ་ནས་ལོ་15འགྲོ་ཡི་འདུག ནམ་རྒྱུན་ངས་བཟའ་ཟླའི་དྲུང་ནས་བོད་ཡིག་སྦྱོང་བ་དང་ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་ང་གཉིས་ཀྱིས་ཚགས་ཤ་དང་མར་ཉོས་ནས་བོད་རིགས་མི་ཧྲེང་རྒན་རྒོན་ལ་ལྟ་བར་འགྲོ་གི་ཡོད”ཅེས་ལོ་40ལ་སླེབས་ཙམ་ཡིན་པའི་སི་ཁྲོན་གྱི་སྐྱེས་པ་དེས་དེ་ལྟར་བཤད།
2012ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་802དང་དཔེ་བཟང་མི་སྒེར་1207ལ་གཟེངས་བསྟོད་བྱས་ཡོད། 2016ལོ་ནས་བཟུང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ”19དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི”6དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་10བཅས་ལ་མིང་འདོགས་རྒྱུའི་རེ་ཞུ་ཕུལ་བས་ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་གྲོང་ལྷན་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁག་གཅིག་ཐོན་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ཡག་པོ་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་དང་། ཞིང་ཆེན། རང་སྐྱོང་ལྗོངས་བཅས་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པའི་མིང་འདོགས་རྒྱུའི་རེ་ཞུ་ཕུལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་དཔེ་སྟོན་བཏོད་པས་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་འབུལ་བའི་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཆགས་ཡོད།
དུས་སྐབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཅིང་། 2020ལོའི་ཟླ་1ཚེས་11ཉིན་གྱི་ཆུ་ཚོད་16དང་སྐར་མ་12ཀྱི་ཐོག་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོའི་ནང་འཐུས་མི་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད《སྲོལ་ཡིག》ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་ཡོད། དེ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་ཀྱི་ལམ་ཚད་རྡོ་རིང་གཞན་ཞིག་ཡིན་པ་གདོན་མི་ཟ།
《སྲོལ་ཡིག》དེ་ལེའུ་8དང་དོན་ཚན་48ལ་དབྱེ་ཡོད་ཅིང་། འཛུགས་གཏོད་བྱེད་སྒོའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་དེ་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་དང་མཉམ་འདྲེས་ཡོང་བ་བྱས་ཏེ་མི་རིགས་ཀྱི་ལས་དོན་རྟོགས་མིན་དང་མི་རིགས་མཐུན་སྒྲིལ་བྱེད་ཤེས་མིན་དེ་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་ཁ་གསལ་བཏོན་ཡོད།
ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ནག་ཆུས《སྲོལ་ཡིག》ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱེད་རྒྱུ་དམིགས་ཚད་དུ་བཟུང་ནས་གྲོང་ཁྱེར་ཡོངས་སུ“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལྕགས་རི་རིང་པོ་བརྟན་པོར་བཙུགས་ཡོད་ཅེས་བརྗོད།
《སྲོལ་ཡིག》ནང་ལོ་ལྟར་གྱི་ཟླ་9པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཡིན་པ་དང་། ལོ་གསུམ་རེར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་གཟེངས་བསྟོད་བྱེད་སྒོ་ཐེངས་རེ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན། སློབ་གྲྭ ལེན་ཤོག ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བཏོན་པ་མ་ཟད། དཔེ་བཟང་ས་ཁུལ(གྲོང་ཁྱེར)དང་། དཔེ་བཟང་རྫོང(ཆུས) དཔེ་བཟང་ཤང་དང་གྲོང་རྡལ(ཁྲོམ་གཞུང) དཔེ་བཟང་གྲོང་ཚོ་དང་གྲོང་ལྷན། དཔེ་བཟང་སྡེ་ཁུལ། དཔེ་བཟང་ཚན་པ་བཅས་འཛུགས་གཏོད་བྱེད་རྒྱུའི་སྒྲིག་འཛུགས་བྱས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣