
འདི་ནི་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བོད་བྱ་ཡིན་པ།

འདི་ནི་གྲོང་མིས་དགའ་པོ་བྱེད་པའི་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བོད་བྱའི་སྒོ་ང་ཡིན་པ།

འདི་ནི་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བྱ་ཕྲུག་ཡིན་པ།

འདི་ནི་ཟླ་སྒྲོན་གྱིས་གསར་འགོད་པར་རང་ཁྱིམ་གྱི་བོད་བྱའི་སྒོ་ང་སྟོན་བཞིན་པ།

འདི་ནི་ཟླ་སྒྲོན་སྡོད་སའི་འཆམ་མཐུན་སྡེ་ཁུལ་ཡིན་པ།

འདི་ནི་ཟླ་སྒྲོན་གྱི་ནང་མིས་སྡོད་ཁང་གསར་པར་འཚོ་བ་གསར་པ་སྐྱེལ་བཞིན་པ།

འདི་ནི་ཟླ་སྒྲོན་གྱི་ཨ་མས་འཆམ་མཐུན་སྡེ་ཁུལ་དུ་ལུས་སྦྱོང་བྱེད་བཞིན་པ།

འདི་ནི་ཟླ་སྒྲོན་གྱི་སྡོད་ཁང་རྙིང་པ་ཡིན་པ།

འདི་ནི་རྒྱ་མོ་གྲོང་ཚོར་ཡོད་པའི་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཡིན་པ།
སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་པའི་ལམ་བར་དུ་ཡུལ་ལྗོངས་ལྷག་པར་མཛེས། ཡངས་ཤིང་རྒྱ་ཆེ་བའི་བྱ་གསོ་ར་བའི་ནང་གི་བོད་བྱ་ཆེན་པོ་དག་ལ་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་ལ་ལ་བྱ་ལྟོ་ཟ་བཞིན་དུ་མཉམ་ལས་ཁང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན།
ལོ་དེ་དག་ནང་ངས་བོད་བྱ་གསོ་ཚགས་དང་སྒོ་ང་བཙོངས་ནས་མཉམ་ལས་ཁང་ཐོག་མར་འཛུགས་སྐབས་གཡར་བའི་བུ་ལོན་སྒོར་ཁྲི་45འཇལ་ཟིན་པ་མ་ཟད། རླངས་འཁོར་གསར་པ་ཞིག་ཀྱང་ཉོས་པ་ཡིན། ད་ཆ་མཉམ་ལས་ཁང་ལ་བྱ་ཚང་3ཡོད། ཕྱིས་སུ་བྱ་ཚང་5བསྐྲུན་རྩིས་ཡོད་ལ་མཐའ་སྐོར་ལ་ལྕགས་དྲ་ཡང་སྐོང་རྩིས་ཡོད། མཉམ་ལས་ཁང་གི་ལམ་བུ་དེའང་ཨར་འདམ་ལམ་དུ་བསྐྲུན་རྩིས་ཡོད་ཅེས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་མཁན་ཟླ་སྒྲོན་གྱིས་གསར་འགོད་པར་ངོ་སྤྲོད་བྱས།
ལོ་34ལ་སླེབས་པའི་ཟླ་སྒྲོན་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་རྒྱ་མོ་གྲོང་ཚོ་གཉིས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། དམའ་རིམ་སློབ་འབྲིང་ཐོན་རྗེས། ཟླ་སྒྲོན་གྱིས་ཁྱིམ་དུ་བསྡད་ནས་ཕ་མ་གཉིས་ལ་ལྟ་རྟོག་བྱས་པ་དང་རླངས་འཁོར་གྱི་ལས་འཛོལ་ཞིག་ལས་ན་སོ་དར་ལ་བབས་པའི་ཟླ་སྒྲོན་དབང་པོ་སྐྱོན་ཅན་དུ་གྱུར། 2015ལོར་ང་ཚོའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་ལོ་གསུམ་དྲག་སྐྱེད་སླར་གསོའི་སྨན་བཅོས་བྱས་པ་བརྒྱུད་ང་རང་མཁར་རྒྱུག་ལ་བརྟེན་ནས་འགྲོ་ཐུབ་ཙམ་བྱུང་། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་རྒྱ་མོ་གྲོང་ཚོ་སོགས་འབྲེལ་ཡོད་འགོ་ཁྲིད་ཀྱི་རོགས་རམ་འོག་ང་ལ་གྲོང་སྡོད་ལས་དོན་རུ་ཁག་གི་མ་བྱན་གྱི་ལས་ཀ་ཞིག་སྤྲད་བྱུང་། དེ་རྗེས་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚོད་ཡོད་ཀུང་སིར་ལས་ཀ་ལོ་5བྱས་པ་ཡིན། གཏན་འཇགས་ཀྱི་ཡོང་འབབ་རག་རྗེས། ངའི་ཁྱིམ་གྱི་འཚོ་བ་རིམ་གྱིས་ཡག་ཏུ་ཕྱིན་སོང་ཞེས་ཟླ་སྒྲོན་གྱིས་དྲན་གསོ་བྱེད་བཞིན་དུ་བརྗོད།
གཉེན་སྒྲིག་བྱས་རྗེས། ཕྲུ་གུ་སྐྱེས་ནས་ཟླ་སྒྲོན་ཁྱིམ་གྱི་འཚོ་བའི་ཁུར་པོ་ལྕི་རུ་སོང་། ཕ་མ་གཉིས་དང་ཕྲུ་གུ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་དང་སྔ་ཙམ་དབུལ་ཞྭ་ཕུད་ཐུབ་ཆེད། ཟླ་སྒྲོན་དང་ཁྱོ་གས་བོད་བྱ་འཚོ་བཅུད་ཆེ་ལ་ཡོང་འབབ་ཀྱང་ཡག་པོ་རག་པ་ཐོས་རྗེས། བཟའ་ཚོ་གཉིས་ཀྱིས་བོད་བྱ་གསོ་རྒྱུའི་ཐག་བཅད། 2017ལོར་སྤུན་མཆེད་དང་གྲོགས་པོ་ཚོའི་རོགས་རམ་འོག ཟླ་སྒྲོན་གྱིས་ཁྱོན་མ་དངུལ་སྒོར་ཁྲི་45བཏང་ནས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་རྒྱ་མོ་ཚུང་གླིང་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ཟླ་སྒྲོན་གྱིས་རང་ཉིད་ཀྱི་སེམས་ཤུགས་དང་ཡིད་ཆེས་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཕྱུག་པོའི་ལམ་བུར་སྐྱོད་འགོ་ཚུགས།
“མཉམ་ལས་ཁང་མ་བཙུགས་གོང་། ས་ཆ་འདི་ནི་མཐོ་དམའ་མི་སྙོམས་ཁར་མྱ་ངམ་ཐང་ཞིག་རེད་འདུག བོད་བྱ་གསོ་ཚགས་ལ་འཚམ་པའི་གནས་ཤིག་བསྐྲུན་ཆེད་ང་ཚོས་ས་འཁོད་སྙོམས་པ་དང་ལྕང་མ་དང་རྩྭ་སོགས་བཏབ་པ་ཡིན། རྒྱུད་བཟང་བོད་བྱ་ཉོ་ཐུབ་ཆེད། ང་དང་བཟའ་ཟླ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་བསྐྱོད་པ་ཡིན། སྐབས་དེ་དུས་ང་ཚོར་མ་རྩ་སྒོར་ཁྲི་4ལས་མེད་པ་དེ་དག་གིས་བོད་བྱ་30ཉོས་པ་ཡིན། བྱ་མོ་རེར་སྒོར་150སྤྲད་པ་དང་བྱ་ཕོར་དངུལ་སྤྲོད་དགོས་མེད་པར་སྟེར་བྱུང་། གྲོང་ཚོའི་འགོ་ཁྲིད་ཀྱིས་ང་ཚོས་བོད་བྱ་གསོ་ཚགས་མཉམ་ལས་ཁང་གཉེར་མཁན་ཡིན་པ་ཤེས་རྗེས། ང་ཚོར་སྐུལ་ལྕག་དང་རོགས་རམ་མང་པོ་བྱས་བྱུང་། ཕྱིས་སུ་ངས་སྤུན་མཆེད་དང་གྲོགས་པོའི་ས་ནས་སྒོར་ཁྲི་40གཡར་ནས་བྱ་ཚང་བརྒྱབ་པ་དང་བྱ་ལྟོ་ཉོས་པ་ཡིན། བོད་བྱ་ནི་སྤྱིར་བཏང་བྱ་དེ་དང་མི་འདྲ་བར་བྱ་ཚང་གཙང་མ་དགོས་པས་རྒྱུན་དུ་གཙང་སྦྲར་དོ་སྣང་བྱེད་དགོས་ཀྱི་ཡོད། བོད་བྱས་ཕལ་ཆེ་བ་དཔྱིད་གྲོ་དང་འབུ་དམར་ཟ་གི་ཡོད། ལྷ་སའི་གྲོ་ནི་དགུན་གྲོར་གཏོགས་པས་བྱ་ལྟོ་རྒྱལ་རྩེ་ནས་ཉོ་གི་ཡོད། སྐྱེལ་འདྲེན་གྱི་མ་གནས་གྲོན་ཆུང་བྱ་ཆེད། ང་ཚོས་རྒྱལ་རྩེ་ནས་གྲོ་སོན་ཉོས་ནས་དཔྱིད་དུས་སུ་གྲོ་བཏབ་ཀྱི་ཡོད”ཅེས་ཟླ་སྒྲོན་གྱིས་གསར་འགོད་པར་ངོ་སྤྲོད་བྱས།
ཟླ་སྒྲོན་གྱིས་གསར་འགོད་པར་བོད་བྱའི་སྒོ་ང་བྲིན་ཁ་རྒྱུག་པོ་ཡོད་པས། སིལ་འཚོང་བྱེད་དགོས་ཀྱི་མིན་འདུག་ཅེས་བརྗོད་བྱུང་། ད་ཆ་ཁོང་ལ་སྐད་འཕྲིན་ནང་ཚོང་ཤག་2000ལྷག་ཙམ་ཡོད་པ་དང་། བྱ་སྒོང་100ཡན་ཉོས་ཚེ་སྒོ་རྩར་སྐྱེལ་གྱི་ཡོད། བྱ་སྒོང་ཉོ་མཁན་ལ་ལས་མཉམ་ལས་ཁང་དུ་ལྟ་སྐོར་བྱས་རྗེས་བྱ་སྒོང་ཉོ་གི་འདུག བྱ་དེ་མང་བའི་སྐབས་སུ་300ལྷག་ཙམ་ཡོད། རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ད་ཆ་མཉམ་ལས་ཁང་དུ་བོད་བྱ་100ཡང་ཟིན་གྱི་མེད། བོད་བྱས་སྒོ་ང་གཏོང་བའི་དུས་ཚོད་ནི་ཟླ་4པ་ནས་10བར་ཡིན་པ་དང་། མཉམ་ལས་ཁང་ལ་ཉིན་གཅིག་ལ་བྱ་སྒོང་20ནས་70བར་ཟིན་པ་དང་བྱ་སྒོང་རེར་སྒོར་5བྱས་ནས་བཙོངས་ཀྱི་ཡོད། ཚོང་ཡག་པའི་སྐབས་སུ་ཟླ་རེར་སྒོར་ཁྲི་གཅིག་ལྷག་ཙམ་རག་པ་དང་མ་གནས་ཕུད་ཁེ་བཟང་སྒོར་5000ཙམ་ཟིན་གྱི་ཡོད། ད་ཆ་ཟླ་སྒྲོན་གྱི་བཟའ་ཟླས་སྟོད་ལུང་བདེ་ཆེན་ཆུས་སུ་ཨར་ལས་དང་ཁང་པ་མཛེས་བཟོ་བྱེད་ཅིང་། གཤམ་འོག་ཏུ་ལས་མི་20ལྷག་ཙམ་ཡོད་པས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།