མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བྱ་ཆེད། ཉིན་ཤས་གོང་། ལྷུན་རྩེ་རྫོང་གིས“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མེས་རྒྱལ་གྱི་མཐའ་མཚམས་སུ་རབ་ཏུ་བཞད་པར་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་བྱེད་རིང་། འགྲན་ཞུགས་བདམས་ཐོན་པ་14ཡིས་བརྗོད་དོན་གཙོ་བོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་སྤྱི་དམངས་ཡག་པོ་བརྩོན་ལེན་བྱེད་པ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་གྱིས་གཏམ་རྒྱུད་ཤོད་པ་དང་། མྱོང་ཚོར་གླེང་བ། འཕེལ་རྒྱས་གླེང་བ། འབྱུང་འགྱུར་ལ་ཕྱོགས་པ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་གླུ་ཕུལ་བ་དང་། ཉེ་འགྲམ་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལྷུག་པོར་བརྗོད་ཡོད། “བདམས་ཐོན་པ་ཚོས་གླེང་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཉན་པས་རང་ཉིད་སོ་སོའི་ཉེ་འགྲམ་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་བྱེད་དགོས་ལུགས་མྱོང་ཚོར་ཟབ་མོ་བྱུང་། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བ་དང་མཉམ་འདྲེས་བྱེད་པ་དང་། མི་རིགས་ཁག་གི་སྤུན་ཟླའི་དབར་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་བྱས་ན་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ཐུབ”ཅེས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་གྱི་ལས་བྱེད་པ་བཀྲ་ཤིས་རྒྱ་མཚོས་བརྗོད་པ་དང་། ཁོང་གིས“ང་ཚོས་ངེས་པར་དུ་ལས་སླ་པོར་བྱུང་བ་མིན་པའི་ད་ཆའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས”ཞེས་བརྗོད།