དབུ་ཤོག>གསར་འགྱུར།
  • བྱིས་པའི་སེམས་ཀྱི་ཞིང་སར་མཐུན་སྒྲིལ་གྱི་མྱུ་གུ་རབ་ཏུ་འབུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-14

    དཀར་རྩི་བཏང་བའི་ཐོག་སོ་བཞི་ལྡན་གྱི་ཐོག་བརྩེགས་ཁང་ཆེན་དང་། རྒྱ་ཕིབས་སྨུག་པོ། སྔོ་ཐིང་ཐིང་གི་ན་ཁ་སོགས་ཀྱིས་མཛེས་པར་བྱས་ཤིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གྲོང་ནས་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་བསྐྱོད་རྗེས་སྦྲ་ཆེན་རྫོང་སློབ་འབྲིང་དུ་སླེབས།

    སློབ་གྲྭའི་ནང་དུ་སླེབས་པ་དང་དགེ་རྒན་གྱི་གཞུང་དོན་ཐོག་བརྩེགས་ཁང་ཆེན་གྱི་སྒོ་འཛུལ་སར་མཐོན་པོར་བཀལ་བའི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ”ཞེས་པའི་བྱང་བུར་གསར་འགོད་པར་དོ་སྣང་ཆེན་པོ་བྱུང་། རྫོང་སློབ་འབྲིང་ཞིག་གིས་དཀའ་བ་ཇི་ཙམ་ཁྱད་དུ་བསད་རྗེས་གཞི་ནས་གཟི་བརྗིད་ཀྱི་མཚན་སྙན་འདི་ལྟ་བུ་ཞིག་ཐོབ་ཡོད་མེད་ཁྱེད་ཀྱིས་ཤེས་སམ།

    བཅར་འདྲི་བྱེད་རིང་གསར་འགོད་པ་དང་ལྷོ་པ་རིགས་ཀྱི་གྱོན་ཆས་གྱོན་པའི་ཕོ་གཞོན་ཞིག་གླེང་མོལ་ལ་རོལ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ནས་ཡོང་བའི་དར་དམར་ནི་2018ལོར་སློབ་གྲྭར་ལས་བསྐོས་བརྒྱབ་ནས་ལོ་རྒྱུས་དགེ་རྒན་ལ་གྱུར། ཁོང་གིས་ཐོག་མར་སློབ་གྲྭར་སླེབས་སྐབས་སློབ་ཁྲིད་ལས་དོན་ལ་རྒྱུས་མངའ་ཆེན་པོ་མེད། ལོ་རྒྱུས་དགེ་རྒན་གཅིག་པ་ཡིན་པའི་བོད་རིགས་ཀྱི་ལས་རོགས་ལྷག་པ་ཚེ་རིང་གིས་རང་འགུལ་ངང་ང་དང་རོགས་པ་བསྒྲིགས་ནས། སློབ་ཚན་གྲོལ་རྗེས་སློབ་ཁྲིད་གྲ་སྒྲིག་གི་ཉམས་མྱོང་སྤེལ་རེས་དང་སློབ་ཚན་འཚོག་སྐབས་ཕན་ཚུན་སློབ་ཚན་ཉན་རེས་བྱས་ནས་སློབ་སྦྱོང་སྤེལ་རེས་བྱས་པས། དུས་ཚོད་རིང་པོ་མ་སོང་བར་འདི་གའི་ལས་ཀར་རྒྱུས་མངའ་ལོན་བྱུང་ཞེས་བཤད།

    “སྔོན་ཆད་ང་ཚོའི་ཕ་ཡུལ་གྱི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། མི་རིགས་ཁག་གི་སྤུན་ཟླ་ཚོའི་རོགས་རམ་འོག་ད་ཆ་གཞི་ནས་བདེ་སྐྱིད་ལྡན་ལ་འབྱོར་ཕྱུག་གི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད”ཅེས་དར་དམར་གྱིས་བཤད། སློབ་ཁྲིད་བྱེད་སྐབས་ཁོང་གིས་ལྷོ་པ་མི་རིགས་དབུལ་པོའི་གནས་ལས་སྒྲོལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མྱོང་བ་ཕྲུ་གུ་ཚོར་བཤད་དེ་ཁོང་ཚོར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།

    རྒྱ་རིགས་ཀྱི་དགེ་རྒན་ལུའོ་ཁྲང་ཤིའུ་ནི་སི་ཁྲོན་དབྱི་པིན་ནས་ཡིན་ཞིང་། ཁོང་ནི་སློབ་གྲྭར་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣའི་གྲས་རེད། བཅར་འདྲི་བྱེད་སྐབས་ཁོང་གིས་བོད་ཆས་གྱོན་འདུག་པ་དང་། “བོད་ཆས་སྙིང་རྗེ་པོ་འདུག དུས་རྒྱུན་ནས་ང་བོད་ཆས་གྱོན་རྒྱུར་དགའ་པོ་ཡོད”ཅེས་བཤད་བྱུང་།

    “སྐར་ཚོམ་ང་དྲུག་མེ་ཏོག་ང་དྲུག མི་རིགས་ང་དྲུག་གི་གཅེན་གཅུང་མིང་སྲིང་ནི་ང་ཡི་ཁྱིམ་ཚང་ཡིན”ལུའོ་ཁྲང་ཤིའུ་ཡིས་སློབ་ཚན་མ་འཚོག་གོང་མི་རིགས་མཐུན་སྒྲིལ་ནང་དོན་དུ་བྱས་པའི་གླུ་གཞས་བླངས་ནས་སློབ་ཚན་འགོ་ཚུགས་ཀྱི་ཡོད། “སློབ་ཕྲུག་ཚོས་གླུ་གཞས་ཉན་པ་དང་གླུ་གཞས་ལེན་པའི་ཁྲོད་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཚོར་བ་བྱེད་ཀྱི་ཡོད”ཅེས་བཤད།

    སློབ་གྲྭའི་ན་ཁ་ཆེན་པོའི་དཀྱིལ་ནི་ན་ནིང་བསྐྲུན་པའི་མི་རིགས་མཐུན་སྒྲིལ་གྱི་ཁྱམས་རིང་རེད། སྒོ་འཛུལ་སར་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་སྦྱར་ཚིག་བྲིས་ཡོད། གསར་འགོད་པས་དེ་གར་རྩེད་མོ་རྩེ་བཞིན་པའི་དམའ་རིམ་སློབ་འབྲིང་དང་པོའི་འཛིན་གྲྭ་གཉིས་པའི་ཀུའོ་ལེ་ལེ་འཕྲད་བྱུང་།

    ཀུའོ་ལེ་ལེ་ཡི་ཕ་མས་སྦྲ་ཆེན་རྫོང་དུ་ཚོང་ཁང་ཞིག་བཙུགས་ཡོད། ལོ་ཤས་སོང་རྗེས་ཀུའོ་ལེ་ལེ་ཡིས་སློབ་གྲོགས་ཚོས་བཤད་པའི་བོད་སྐད་མང་ཆེ་བ་གོ་ཐུབ་ཀྱི་ཡོད། འོན་ཀྱང་བོད་ཡིག་འབྲི་དུས་དཀའ་ལས་ཆེ་ཙམ་ཡོད། ཁོང་གིས་ལོ་རེའི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”སོགས་དུས་ཆེན་སྐབས་སློབ་གྲྭས་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོག་གི་ཡོད། གཞན་ཡང་ད་དུང་རྒྱལ་དར་འོག་བགྲོ་གླེང་བྱེད་པ་དང་། མཉམ་གཞས་འགྲན་བསྡུར། གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་ཅེས་བཤད་བྱུང་།

    “ངས་སློབ་གྲོགས་ཚོ་དང་མཉམ་དུ་མི་རིགས་མཐུན་སྒྲིལ་བརྗོད་བྱར་བྱས་པའི་ནག་པང་གསར་འགྱུར་ཡང་འདོན་མྱོང་ཡོད”ཅེས་ཀུའོ་ལེ་ལེས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

    ཀུའོ་ལེ་ལེའི་འཛིན་གྲྭའི་ཀྲུའུ་རེན་ཚེ་རིང་གིས་འཛིན་གྲྭས་ཟླ་རེར་ནག་པང་གསར་འགྱུར་རེ་འདོན་གྱི་ཡོད། སློབ་དུས་གཅིག་གི་ནང་ནག་པང་གསར་འགྱུར་འདོན་ཐེངས་གཅིག་ནས་གཉིས་ནི་མི་རིགས་མཐུན་སྒྲིལ་བརྗོད་བྱར་བྱས་པ་རེད། སློབ་མ་ཚོས་རེས་སྐོར་བྱས་ནས་འདོན་གྱི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    “མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ཆེད། སློབ་གྲྭའི་འཛིན་གྲྭ་ཚང་མས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་ཀྱི་ཡོད། འཛིན་ཚོགས་ཐོག་བརྗོད་དོན་གཙོ་བོའི་ནག་པང་གསར་འགྱུར་འདོན་པ་དང་བརྗོད་དོན་གཙོ་བོའི་སྙན་ངག་གྱེར་འདོན་སོགས་བྱེད་ཀྱི་ཡོད། བྱེད་སྒོ་དེ་དག་སྤེལ་བས་སློབ་ཕྲུག་ཚོས་མི་རིགས་མཐུན་སྒྲིལ་ལ་གོ་བ་ལེན་ཚད་དང་ངོས་འཛིན་བྱེད་ཚད་མཐོ་རུ་འགྲོ་གི་འདུག སློབ་གྲྭས་ད་དུང་མི་རིགས་མི་འདྲ་བའི་དགེ་རྒན་དབར་གྲོགས་པོ་བསྒྲིགས་ནས་སློབ་ཁྲིད་དང་འཚོ་བའི་ནང་ཕན་ཚུན་རོགས་རམ་བྱས་ཏེ་སློབ་མ་ཚོར་མིག་དཔེ་འདོན་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད”ཅེས་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་བཤད།

    སློབ་གྲྭའི་ལོ་རྒྱུས་ཡིག་ཚགས་ཁང་དུ་གསར་འགོད་པས་སློབ་གྲྭ་བསྐྲུན་སྐབས་ཐོག་མར་སྒྲེང་བའི་སྐར་ལྔའི་དར་དམར་ཞིག་ཉར་ཚགས་བྱས་ཡོད་པ་མཐོང་བྱུང་། པ་སངས་ཀྱིས་སྐར་ལྔའི་དར་དམར་འདི་ལས་སློབ་གྲྭའི་མི་རིགས་མི་འདྲ་བའི་དགེ་རྒན་དང་སློབ་མས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་གཏམ་རྒྱུད་མཚོན་ཐུབ་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།