དབུ་ཤོག>གསར་འགྱུར།
  • ཧན་གོར་རིམས་ནད་ཐོན་ཡང་རྒྱ་སྐད་སྦྱོང་བའི་ཚ་རླབས་ཉམས་མེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-08-10

    “སྐད་ཆ་ནི་རྒྱལ་སྤྱིའི་སྤེལ་རེས་ཀྱི་ཡོ་བྱད་ཡིན་ལ་ཡིད་ཆེས་ཆེ་རུ་འགྲོ་བ་དང་དོགས་གནད་སེལ་བའི་གཞི་རྟེན་ཡིན། རྒྱ་སྐད་སློབ་གསོས་ཀྲུང་ཧན་གྱི་མཛའ་གྲོགས་ཟབ་གཏོང་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད”ཅེས་ཉེ་ཆར་གཉེར་བའི“རྒྱ་སྐད་འབྲེལ་ཟམ”གྱི་འཛམ་གླིང་གི་སློབ་ཆེན་སློབ་མ་དང་སློབ་འབྲིང་སློབ་མའི་རྒྱ་སྐད་འགྲན་བསྡུར་གྱི་ཧན་གོའི་འགྲན་ཁུལ་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞིང་ཧའེ་མིང་གིས་དེ་ལྟར་བཤད།

    ད་ལོའི“རྒྱ་སྐད་འབྲེལ་ཟམ”འགྲན་བསྡུར་གྱི་ཧན་གོའི་འགྲན་ཁུལ་གྱི་མཐའ་བསྡུར་དེ་དྲ་ཐོག་ནས་སྤེལ་ཤིང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་ཧྲོའར་ཁུང་ཙི་སློབ་གླིང་གིས་གཉེར་འགན་ཁུར་བ་རེད། ཧན་གོའི་ས་གནས་ཁག་གི་བདམས་ཐོན་པ་39ཡིས་རྒྱ་སྐད་ཀྱི་གཏམ་བཤད་དང་འཇོན་ཐང་ངོམ་ནས་ཛ་དྲག་ངང་འགྲན་བསྡུར་བྱས་མཐར་ཧྲོའར་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་ལོ་རིམ་གཉིས་པའི་སློབ་མ་ལི་ཧུའེ་རེན་དང་ཏ་ཐེན་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པའི་སློབ་མ་ཅིན་ཅུན་མོར་སློབ་ཆེན་ཚོགས་ཆུང་དང་མཐོ་རིམ་སློབ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་སོ་སོར་ཐོབ་ཅིང་། ཁོང་གཉིས་ཀྱིས་ཧན་གོའི་ཚབ་བྱས་ཏེ2020ལོ་འཁོར་གྱི“རྒྱ་སྐད་འབྲེལ་ཟམ”འཛམ་གླིང་གི་སློབ་ཆེན་སློབ་མ་དང་སློབ་འབྲིང་སློབ་མའི་རྒྱ་སྐད་འགྲན་བསྡུར་གྱི་སྤྱིའི་མཐའ་བསྡུར་ནང་སོ་སོར་ཞུགས་རྒྱུ་རེད།

    ལི་ཧུའེ་རེན་གྱི《གནམ་འོག་ཁྱིམ་ཚང་གཅིག ཆུ་ཕྲན་འདུས་ནས་རྒྱ་མཚོར་གྱུར》ཅེས་པའི་གཏམ་བཤད་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་་བཞག་ཅིང་། ཁོང་གིས། འཛམ་གླིང་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་ལ་རྒྱལ་ཁབ་ཁག་གིས་ཕན་ཚུན་མཉམ་ལས་བྱས་ན་གཞི་ནས་ཆུ་བོ་གཅིག་ཏུ་འདུས་ནས་རྒྱ་མཚོར་འགྱུར་བ་ལྟ་བུའི་སྟོབས་ཤུགས་སུ་འགྱུར་ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཧན་གོར་རྒྱ་སྐད་སྦྱོང་བའི་ཚ་རླབས་མུ་མཐུད་ཆེ་རུ་སོང་ཡོད། 2004ལོར་གོ་ལ་ཧྲིལ་པོའི་ཁུང་ཙི་སློབ་གླིང་དང་པོ་སྟེ་ཧྲོའར་ཁུང་ཙི་སློབ་གླིང་ཧན་གོར་བཙུགས། མིག་སྔར་ཧན་གོར་ཁུང་ཙི་སློབ་གླིང་23དང་ཁུང་ཙི་སློབ་ཁང་5ཡོད་ཅིང་། 2019ལོར་ཧན་གོ་བ་ཁྲི་11ལྷག་ཙམ་རྒྱ་སྐད་ཆུ་ཚད་ཀྱི་ཡིག་རྒྱུགས་ནང་ཞུགས་པས་མི་གྲངས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    ད་ཆ་ཧན་གོའི་གཞོན་ནུ་ལོ་ཆུང་སྔར་ལས་མང་བས་རྒྱ་སྐད་དེ་ཕྱི་སྐད་སྦྱོང་བའི་གདམ་ག་དང་པོར་བརྩི་བཞིན་ཡོད་པ་དང་། ཀྲུང་ཧན་རྒྱལ་ཁབ་གཉིས་པོ་ནི་ཕར་ཚུར་གྱི་ཕྱི་སྦྱོང་སློབ་མའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། རྒྱ་ཁོག་དང་། ལུག་ཤ་ཕྲེང་བརྒྱུས། མཱ་ལ་ཐང་སོགས་ཀྲུང་གོའི་ཞིམ་ཟས་དག་ཧན་གོར་ཟ་མཁན་མང་དུ་འགྲོ་བ་དང་བསྟུན་ཧན་གོའི་ན་གཞོན་སྔར་བས་མང་བས་རྒྱ་སྐད་སྦྱངས་ནས་ཀྲུང་གོ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བཞིན་ཡོད་པ་རེད།

    ཧྲོའར་ཁུང་ཙི་སློབ་གླིང་གི་ཡོན་ཀྲང་ལི་ཅུན་ཀྲི་ཡིས། སྐབས་འདིའི“རྒྱ་སྐད་འབྲེལ་ཟམ”འགྲན་བསྡུར་ནང་། ཧན་གོའི་འགྲན་ཞུགས་པའི་རྒྱ་སྐད་འདོན་གདངས་དང་བྱང་ཆའི་ཚད་རིམ་དེ་སྔ་ལོ་ལས་ལེགས་སུ་མངོན་གསལ་ཕྱིན་ཡོད། དེ་ཐོག་ནས་ཧན་གོའི་རྒྱ་སྐད་སློབ་གསོའི་ཆུ་ཚད་ཟམ་མི་ཆད་པར་ཡར་རྒྱས་འགྲོ་བཞིན་ཡོད་པ་མཚོན། ཕྱོགས་གཅིག་ནས་ཧན་གོའི་རྒྱ་སྐད་སློབ་གསོ་ནི་དེ་སྔོན་གནའ་རབས་རྩོམ་རིག་ཀློག་པ་གཙོ་བོ་ཡིན་ནའང་། ད་ཆ་དེང་རབས་རྒྱ་སྐད་ཀྱི་ཉེར་སྤྱོད་སློབ་ཁྲིད་དུ་འགྱུར་བཞིན་ཡོད། ཕྱོགས་གཞན་ཞིག་ནས་ཧན་ཀྲུང་གི་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སྦྲགས་ཧན་གོའི་རྒྱ་ཡིག་སྦྱོང་མཁན་ལ་སྦྱངས་པ་གོ་ཆོད་ཀྱི་གོ་སྐབས་སྔར་བས་མང་བ་ཐོབ་ཡོད་ཅེས་བརྗོད།

    གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་ཧན་གོའི་རྒྱ་སྐད་སློབ་གསོ་དང་ཧན་གོ་བས་རྒྱ་སྐད་སྦྱོང་བའི་ཐད་དཀའ་ངལ་མི་ཉུང་བ་འཕྲད་ནའང་། ཁོང་ཚོའི་རྒྱ་ཡིག་སྦྱོང་སེམས་ཆུང་དུ་ཕྱིན་མེད། རིམས་ནད་ཐོན་རིང་། “རྒྱ་སྐད་འབྲེལ་ཟམ”ཕུད་གཞན་ཡང་རྒྱ་སྐད་གཏམ་བཤད་ཀྱི་འགྲན་བསྡུར་རབ་དང་རིམ་པ་གཞན་ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱབ་སྐྱོར་འོག་སྔ་རྗེས་སུ་དྲ་ཐོག་ནས་གཉེར་ཏེ་ཕན་འབྲས་མི་དམན་པ་ཐོབ་ཡོད།

    ལི་ཧུའེ་རེན་གྱིས་མ་གཞི་ད་ལོའི་དབྱར་གསེང་སྐབས་པེ་ཅིང་དུ་བསྐྱོད་ནས་ཁྱིམ་མི་དང་གྲོགས་པོར་ལྟ་བར་འགྲོ་རྒྱུ་མ་ཟད་རྒྱ་སྐད་སློབ་ཚན་ནང་ཞུགས་རྩིས་ཡོད། འོན་ཀྱང་རིམས་ནད་ཀྱི་དབང་གིས་ཀྲུང་གོར་འགྲོ་བའི་འཆར་གཞི་རྩིས་མེད་བཟོ་དགོས་བྱུང་། ད་ཆ་ཁོང་གིས་སློབ་སྦྱོང་ཚོགས་ཆུང་དང་ཧྲོའར་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་སློབ་གྲོགས་སྒྲིག་འཛུགས་བྱས་ནས་ཕན་ཚུན་སློབ་སྦྱོང་བྱེད་པ་དང་དུས་མཚུངས་དྲ་ཐོག་སློབ་སྦྱོང་དང་རྒྱ་ཡིག་དུས་དེབ་ཀློག་པ་སོགས་བྱས་ནས་རྒྱ་སྐད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད། ཁོང་གིས། རྒྱ་སྐད་སྦྱོང་བ་ནི་ངའི་འཚོ་བའི་སྒུལ་ཤུགས་ཀྱི་གྲས་ཤིག་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།