“བོད་དུ་དར་ཁྱབ་ཆེ་བའི《ཨ་མ་གཅིག་གི་བུ་མོ》ཞེས་པའི་གཞས་དེར་ང་རང་ཧ་ཅང་དགའ་པོ་ཡོད། གཞས་དེས་བོད་རིགས་བུ་ཕྲུག་གི་ཐུན་མོང་གི་སྙིང་གཏམ་མཚོན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་རྟ་པ་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་བཤད།
“1996ལོར་ཁྲུང་ཆིང་དུ་དམག་མིར་ཞུགས་པ་ནས་བཟུང་། ངའི་སེམས་ལ་མི་རིགས་མཐུན་སྒྲིལ་གྱི་ས་བོན་རིམ་བཞིན་བུད། སྐབས་དེར་འཛིན་གྲྭར་བོད་རིགས་འཐབ་འཛིང་བ་ང་རང་གཅིག་པུ་རེད། ཐོག་མར་ངས་རྒྱ་སྐད་ཤོད་མི་ཤེས་པས་དམག་མི་གཞན་ལ་སྐད་ཆ་བཤད་ན་ཁོ་ཚོས་ང་ལ་མཐོང་ཆུང་བྱེད་ཀྱི་རེད་བསམས། དམག་མི་གསར་པའི་བཅུ་དཔོན་གྱིས་ངའི་བསམ་ཚུལ་ཤེས་རྗེས། རང་འགུལ་ངང་འཐབ་འཛིང་བ་ཁྲིད་དེ་ངར་རྒྱ་སྐད་དང་རྒྱ་ཡིག་བསླབས་པས་ཁོ་ཚོ་དང་མགྱོགས་པོ་མཉམ་འདྲིས་ཐུབ་བྱུང”ཞེས་པ་སངས་ཀྱིས་བཤད།
ཕ་ཡུལ་དུ་ལོག་རྗེས་པ་སངས་ལ་ནད་གཞི་ཕོག་ནས་བསགས་དངུལ་ཚང་མ་སྨན་རིན་ལ་སྤྱོད་དགོས་བྱུང་བ་རེད། དཀའ་ངལ་འཕྲད་སྐབས་དེ་སྔའི་འཐབ་གྲོགས་ཚོས་པ་སངས་ལ་རང་ཉིད་ཀྱི་ལས་གཏོད་ཉམས་མྱོང་ལྷུག་པོར་གླེང་ནས་ཁོང་ལ་སྐུལ་ལྕག་བྱས། 2013ལོར་རྟ་པ་ས་གྲོང་ཚོ་བརྒྱུད་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འདིང་སྐབས། པ་སངས་ཀྱིས་རྒྱ་སྐད་ཅུང་ཡག་པོ་ཤོད་ཤེས་པས། ཤང་ཏང་ཨུད་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཁོང་ལ་རྣམ་གྲངས་དེའི་འབྲེལ་གཏུག་བྱེད་འགན་འཁུར་དུ་བཅུག་པ་རེད། རྒྱ་རིགས་ལས་རོགས་ཀྱི་རོགས་རམ་འོག་པ་སངས་ཀྱིས་དངུལ་བུན་གཡར་ནས་རྐོ་འདྲུའི་འཕྲུལ་འཁོར་2གཡར་ཏེ་ཡོང་འབབ་དང་པོ་དེ་རག་པ་རེད། ལོ་གཅིག་རིང་། པ་སངས་ཀྱིས་བུ་ལོན་འཇལ་ཚར་བ་མ་ཟད། ད་དུང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བསགས་པ་རེད།
2017ལོར་པ་སངས་རྟ་པ་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ཁོང་གིས་ཀྱང་གྲོང་མིའི་སྣེ་ཁྲིད་དེ་སྐྱེལ་འདྲེན་ལས་ལ་གཞོལ། ད་ཆ་གྲོང་ཚོ་ཡོངས་ཀྱི་དུད་ཚང་22ཀྱིས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཉོས་པ་མ་ཟད། ལས་སྒོའང་མངའ་རིས་དང་ནག་ཆུར་རྒྱ་སྐྱེད་ཏང་བ་རེད། དེ་དང་དུས་མཚུངས་པ་སངས་ཀྱིས་རྟ་པ་ས་གྲོང་ཚོ་རྫོང་གྲོང་དང་བར་ཐག་ཉེ་བའི་ལེགས་ཆར་བརྟེན་ནས་གྲོང་མིའི་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ཤིང་། ཁོང་གིས་མ་དངུལ་སྒོར་ཁྲི་200གྲབས་གསོག་བྱས་ཏེ“ཞིང་པའི་སྤྲོ་སྐྱིད་ཁང”བསྐྲུན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་ཐབས་ལམ་གསར་པ་ཞིག་བཏོད་པར་པ་སངས་ཧ་ཅང་དགའ་པོ་བྱུང་ཡོད།
ད་ཆའི་རྟ་པ་ས་གྲོང་ཚོར། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་འདུ་ཤེས་སྔར་བས་བརྟན་ལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་དེ་གྲོང་མི་མཐའ་དག་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས།