ཉིན་གང་ལ་གྲོང་ཚོ་དང་དུད་ཚང་། ཞིང་ནང་དང་མུ་ཁར་བསྐྱོད་དེ་ནད་གཞི་ཕོག་པའི“འགན་ལེན་ལྔའི་དུད་ཚང”གི་མང་ཚོགས་ལ་སྨན་སྐྱེལ་བ་དང་། ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་ལ་ཞིང་ལས་བྱེད་རོཌ་ལ་སོགས། ཁོང་གིས་ཉིན་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ལས་དོན་བསྒྲུབས་སྟབས། དཀར་མདངས་ལྡན་པའི་ངོ་གདོང་དེའང་རིམ་གྱིས་ནག་པོར་གྱུར། ཁོང་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་དང་ཡོན་ཆགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོ་ཅན་ཧྥུང་རེད།
2012ལོའི་ལོ་ཕྱེད་ཀྱི་གྲོང་སྡོད་ལས་དོན་མཇུག་འགྲིལ་རྗེས། ཧོ་ཅན་ཧྥུང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཡོན་ཆགས་གྲོང་ཚོའི་ཡུལ་མི་རྣམས་ལ་སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ད་ལོའི་ཟླ་དང་པོར་ཧོ་ཅན་ཧྥུང་གིས་རང་འགུལ་ངང་རྒྱུས་མངའ་ཡོད་པའི་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོ་དེར་སླར་ཡང་བསྐྱོད་རྒྱུའི་རེ་འདུན་ཞུ་ཡིག་ཕུལ། ཁོང་གིས“གྲོང་སྡོད་ལས་དོན་རུ་ཁག་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། གཞི་རིམ་དུ་ལས་དོན་ཁག་ཡག་པོ་སྒྲུབ་པར་ཞིང་འབྲོག་མང་ཚོཌ་ཀྱི‘སྙིང་ཉེ་བ’དང‘དྲོ་སྐྱིད་སྦྱིན་མཁན’ཞིག་ལ་འགྱུར་དགོས་པ་མ་ཟད། ཁོང་ཚོའི‘ནང་མིར’ཡང་འགྱུར་དགོས”ཞེས་བརྗོད།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཡོན་ཆགས་གྲོང་ཚོ་ནི་ཞིང་ལས་ཁུལ་དུ་གཏོགས་ཤིང་། མི་སེར་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ཞིང་ལས་ཐོན་སྐྱེད་ཡིན། ཉེ་བའི་ལོ་ཤས་རིང་། ས་བོན་སོགས་རྒྱུ་རྐྱེན་གྱི་དབང་གིས་ཡོན་ཆགས་གྲོང་ཚོའི་ས་ཞིང་མུའུ་རེ་ནས་གྲོང་མི་རང་ཉིད་ཀྱིས་ས་བོན་སྤྱི་རྒྱ་100ཙམ་བཏབ་ན་གཞི་ནས་སྤྱི་རྒྱ་200ཙམ་བརྔ་བསྡུ་བྱེད་ཐུབ་ཀྱི་ཡོད། དེ་ལྟར་ན་འབྲུ་རིགས་འཕྲོ་བརླག་གཏོང་བའི་དུས་མཚུངས་སུ་ཐོན་ཚད་ཀྱང་ཧ་ཅང་ཉུང་ཉུང་རེད། གནས་ཚུལ་དེ་ཤེས་རྗེས་ཧོ་ཅན་ཧྥུང་གིས་ཕྱོགས་མང་པོ་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཏེ། ཡོན་ཆགས་གྲོང་ཚོ་དང་། ལྷ་བདུན་གྲོང་ཚོ། བཀྲ་ཤིས་སྒང་གྲོང་ཚོ་བཅས་ལ་རིན་མེད་ངང་མུའུ་100ཡི་ཞིང་སར“ནས་སོན་ཨང་1571”སྤྱི་རྒྱ་2000ཞལ་འདེབས་བརྒྱབ་ནས་གྲོང་མི་ཚོའི་སེམས་ནད་བསལ་བ་རེད།
ཧོ་ཅན་ཧྥུང་གིས་ད་དུང་ཡོན་ཆགས་གྲོང་ཚོར་རིན་མེད་ངང་སྡོང་ཕྲུག་རྐང་1000ཙམ་རག་ཐབས་བྱས་པར་རིན་ཐང་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད། “ཏང་གི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཡག་པོར་ཐུགས་རྗེ་ཆེ་དང་། གྲོང་སྡོད་ལས་དོན་རུ་ཁག་ཁག་དགུ་པའི་རུ་མི་ཚོས་གྲོང་མིར་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་རུ་དཔོན་ཧོ་ཅན་ཧྥུང་གིས་སླར་ཡང་ང་ཚོར་རིན་མེད་ངང་སྤུས་ལེགས་ཀྱི་ནས་སོན་བསྐྱལ་བྱུང་བས། ལོ་གསར་པའི་ནང་ང་ཚོའི་འབྲུ་རིགས་ལ་ཐོན་འཕར་ཡོང་བའི་རེ་བ་ཡོད”ཅེས་ཡོན་ཆགས་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་སེམས་འགུལ་ཆེན་པོས་བརྗོད།
གྲོང་མི་ཚོས་ནས་སོགས་ཞིང་ལས་ལོ་ཏོག་འདེབས་འགོ་ཚུགས་སྐབས། ཧོ་ཅན་ཧྥུང་གིས་སླར་ཡང་མ་དངུལ་དང་དངོས་ཟོག་གྲབས་གསོག་བྱས་ཏེ་ཡོན་ཆགས་གྲོང་ཚོའི་དུད་ཚང་65ཡི་གྲོང་མི་དུད་ཚང་ཚང་མར་འཁྱེར་བདེའི་ཆུ་དམ་2དང་། འཁྱེར་བདེའི་གློག་བཞུ་1བཅས་སྤྲད་པར་རིན་ཐང་སྒོར་6500ཟིན་ཡོད།
ཧོ་ཅན་ཧྥུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་བ་དང་། གྲོང་མི་ཚོའི་དགོས་མཁོ་ཕྲན་བུ་ཡིན་ཡང་སེམས་ལ་ངེས་ཤིང་། བྱ་སྤྱོད་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ནས་མཛེས་སྡུག་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ་བརྩེ་བས་བསྐྱངས་པ་རེད།