དབུ་ཤོག>གསར་འགྱུར།
  • བོད་ཀྱི་འོད་ཤུགས་དང་ནུས་གསོག་ཆེ་ཤོས་ཀྱི་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-04

    ཉེ་དུས། གསར་འགོད་པར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཆུ་ལས་འཕེལ་རྒྱས་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པའི་ཀྲའོ་ཝ་50ཡི“འོད་ཤུགས་དང་ནུས་གསོག”ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་ཀ་བ་འཛུགས་པའི་ལས་ཀའི་གོ་རིམ་དུ་སླེབས་ཡོད། རྣམ་གྲངས་དེ་ནི་ཧྲན་ཏུང་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི་མ་འཇོག་བྱེད་འབོར་ཆེ་ཤོས་ཀྱི་རྣམ་གྲངས་རྐྱང་པ་ཞིག་རེད་ལ། ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ཀྱིས་བོད་དུ་མ་རྩ་བཏང་བའི་རྣམ་གྲངས་ཐོག་མ་དེའང་ཡིན་པ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་བོད་ཀྱི་འོད་ཤུགས་དང་ནུས་གསོག་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཏུ་གྱུར་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཏུང་གིས་བོད་སྐྱོར་བྱས་ནས་ནང་འདྲེན་བྱས་པའི་ཀྲའོ་ཝ་50ཡི“འོད་ཤུགས་དང་ནུས་གསོག”ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་དེས་ས་ཁྱོན་མུའུ་1646བཟུང་བ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་4.5བཏང་ནས་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་དྲ་སྦྲེལ་ཐུབ་སྟེ་གློག་གཏོང་ཐུབ་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་1ཙམ་ཟིན་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་3.06གྲོན་ཆུང་ཐུབ་རྒྱུ་དང་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཏུན་ཁྲི་8.47ཉུང་དུ་ཕྱིན་ནས་གཞིས་རྩེར་དེ་བས་གཙང་ལ་བློས་འགེལ་ཆོག་པའི་གློག་ཤུགས་མཁོ་འདོན་ཐུབ་རྒྱུ་དང་ཆབས་ཅིག བོད་ཀྱི་གློག་དྲ་སྙོམས་སྒྲིག་ཐད་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།