ཚེས་28ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཚེས་28ཉིན“ཏོག་གསར་གློ་ཚད་རིམས་ནད་དང་གྲོང་ཁྱེར”གྱི་སྲིད་ཇུས་གསར་འགྱུར་གནད་བསྡུས་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་གྱི་འདྲ་མཉམ་མེད་པའི་སྣང་ཚུལ་སེལ་ཏེ་ལྗང་མདོག་དང་། མཉེན་ཤུགས་ལྡན་པ། བསྟུན་མཁས་བཅས་ཀྱི་དཔལ་འབྱོར་སླར་གསོ་དོན་གཉེར་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
ཀུའུ་ཐེ་ལེ་སིས་བརྙན་ལམ་ཐོག་ཤིས་ཚིག་སྒྲོན་སྐབས། གྲོང་ཁྱེར་ནི་ཏོག་གསར་གློ་ཚད་ཀྱི་གནོད་འཚེ་ཕོག་ལྕི་ཤོས་དེ་ཡིན་པ་དང་། ནད་དཔེ་90%གྲོང་ཁྱེར་དུ་ཐོན་ཡོད། ཏོག་གསར་གློ་ཚད་ལས་གྲོང་ཁྱེར་ལ་འཕྲད་པའི་འགྲན་སློང་མངོན་པ་མ་ཟད། སྨན་བཅོས་ཁོངས་གཏོགས་ཀྱིས་ཁུར་པོ་ལྕི་པོ་ཐེག་མི་ཐུབ་པ་དང་། སྨན་བཅོས་ཀྱི་ཆུ་ཚད་དང་འཕྲོད་བསྟེན་ཞབས་ཞུ་མི་འདང་བ་སོགས་ཀྱི་གནས་ཚུལ་མངོན་པ་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་གྲོང་ཁྱེར་ནང་གནད་དོན་དེ་དག་དེ་བས་ཚབས་ཆེ་བ་ཡོད་ཅེས་བརྗོད།
ཀུའུ་ཐེ་ལེ་སིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དུས་མཚམས་ཁག་ཏུ་གྲོང་ཁྱེར་གྱིས་འདྲ་མཉམ་མེད་པ་དང་འཕེལ་རྒྱས་ཐད་ཡུན་རིང་ལྷག་པའི་མཚལ་ཡིག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་པ་དང་། སྤྱི་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་ཆེས་ཉམས་ཞན་གྱི་མི་ཚོགས་ཀྱི་སྡོད་ཁང་དང་། ཆུ། འཕྲོད་བསྟེན་སྒྲིག་ཆས་བཅས་ཀྱི་དགོས་མཁོར་སྔོན་ལ་བསམ་བློ་གཏོང་དགོས་པའི་རེ་འབོད་བྱས་པ་དང་། དུས་མཚུངས་ཁོང་གིས་ད་དུང་ས་གནས་སྲིད་གཞུང་གི་ནུས་པར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་ཀྱང་བྱས་པ་རེད།
ཀུའུ་ཐེ་ལེ་སིས་གྲོང་ཁྱེར་གྱིས་ལྗང་མདོག་དང་། མཉེན་ཤུགས་ལྡན་པ། བསྟུན་མཁས་བཅས་ཀྱི་དཔལ་འབྱོར་སླར་གསོ་དོན་གཉེར་བྱེད་དགོས། སྣོད་བཅུད་ཕྱོགས་སྒྱུར་དང་ལས་གཏོད་ལས་ཞུགས་ལ་དམིགས་ཏེ་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་འཆར་གཞིར་བརྟེན་ནས་དཔལ་འབྱོར་འཕར་བ་བྱ་རྒྱུ་དེ་ཐཱན་ཉུང་དང་མཉེན་ཤུགས་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།