ཀྲུང་གོ་དང་མོ་རི་ཐིའུ་སིའི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་2019ལོའི་ལོ་མཇུག་ཏུ་སྐྲུན་མཇུག་འགྲིལ་ནས་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་ཚུགས་ཏེ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སྟོན་པ་དང་ཁྱབ་གདལ་གཏོང་བའི་ཨ་ཧྥེ་རི་ཁའི་ལས་སྟེགས་ཐོག་མ་དེར་གྱུར་བ་རེད། སྨན་བཅོས་ལྟེ་གནས་དེ་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་གཡོད་དབྱང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང(གཤམ་དུ་གཡོད་དབྱང་སྨན་ཁང་ཞེས་བསྡུ་རྒྱུ)དང་མོ་རི་ཐིའུ་སིའི་གྲོང་ཁྱེར་སྨན་བཅོས་ཚོགས་པས་ཐུན་མོང་ཐོག་བསྐྲུན་པ་ཞིག་ཡིན་པ་དང་། གཡོད་དབྱང་སྨན་ཁང་གི་གཙོ་བཅོས་སྨན་པ་ཧུའུ་པིང་ལིན་དང་ཝང་ཞའོ་སུའུ་དང་དེ་བཞིན་ཧྲང་ཧའེ་ཚའེ་ཐུང་ཏེ་སྨན་ལས་ཀྱི་སྨན་པ་དཀའ་བཅུ་པ་ཤུའེ་རེན་ཡན་བཅས་སྨན་པ་3ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་ཀྱི་གསར་འབྱེད་པ་ཁག་དང་པོར་གྱུར་ཡོད་པ་རེད།
ལྟེ་གནས་ཀྱིས་འཁོར་སྐྱོད་ཚོང་གཉེར་བྱས་རྗེས། དེ་གར་ནད་པ་རྒྱུན་ཆད་རྒྱུ་མེད་པ་མ་ཟད། ད་དུང་ཐག་རིང་གི་ལྷོ་ཨ་ཧྥེ་རི་ཁ་ནས་ཆེད་མངགས་ནད་བསྟེན་པར་ཡོང་མཁན་ཡང་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་ཀྱིས་གཡོད་དབྱང་སྨན་ཁང་གི་སྨན་པ་དང་ཝུའུ་ཧན་གྱི་འཐབ་ས་དང་པོའི་རིམས་འགོག་སྨན་དོན་རུ་མི་དང་དྲ་ཐོག་ནས་སྤེལ་རེས་བྱས་ཏེ་རིམས་འགོག་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསོ་རིག་འཆད་ཁྲིད་བྱས་པ་རེད། ས་གནས་དེ་གར་གྲོང་ཁྱེར་བཀག་སྡོམ་བྱེད་པའི་ཉིན་70ལྷག་ཙམ་ནང་། ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་རིམས་ནད་ཀྱིས་རྐྱེན་པས་འགོག་སྲུང་དང་འཚོ་བའི་དངོས་ཟོག་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ལས་གནས་བརྟན་སྲུང་དང་། སྒོ་བསྟེན་སྨན་ཁང་རྒྱུན་གཏན་ལྟར་སྒོ་འབྱེད་རྒྱུ་རྒྱུན་འཁྱོངས། སྨན་བཅོས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་འཆད་ཁྲིད་ཐེངས་མང་བྱས་པ། ཉིན་ལྟར་རྒྱང་ཁྲིད་སྨན་བཅོས་བློ་འདྲི་བཅུ་གྲངས་ལ་ལན་འདེབས་པ་བཅས་བྱས་ཏེ། ས་གནས་དེ་གའི་དམངས་ཚོགས་དང་། ཀྲུང་གོས་མ་འཇོག་བྱས་པའི་སྒྲིག་གཞི་དང་ཁེ་ལས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་སྨན་བཅོས་ཀྱི་རྒྱབ་སྐྱོར་བྱས་ཡོད།
སྨན་པ་ཧུའུ་པིང་ལིན་གསེར་ཁབ་རྒྱག་པ་དང་འཕུར་མཉེད་ཀྱི་སྨན་བཅོས་ལག་རྩལ་བྱང་ཆུབ་པོ་ཡོད་པས། དེ་སྔ་ཀྲུང་གོས་མོ་རོ་ཁོར་རོགས་རམ་བྱེད་པའི་སྨན་བཅོས་ལས་དོན་རུ་ཁག་ནང་ལས་ཀ་ལོ་གཉིས་བྱེད་མྱོང་བ་མ་ཟད། ད་དུང་ཀྲུང་གོའི་རྒྱལ་ཁབ་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མིར་ཞབས་འདེགས་ཞུ་མྱོང་ཡོད་། ས་གནས་དེ་གའི་རྟ་རྒྱུག་ལུས་རྩལ་པ་ཨ་པུའུ་ཏུའུ་ལ་སྒལ་ཚིགས་འབུར་ཐོན་ནད་ཧ་ཅང་ལྕི་བས་རྒྱུན་དུ་སྒུར་སྒུར་བྱས་ནས་འགྲོ་དགོས་ཀྱི་ཡོད། སྨན་པ་ཧུའུ་ལགས་ཀྱིས་ཟླ་གཅིག་རིང་གསེར་ཁབ་བརྒྱབ་པ་དང་འཕུར་མཉེད་བཏང་བ་བརྒྱུད། ཨ་པུའུ་ཏུའུ་ལའི་ན་ཟུག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ནས་རྐེད་པའང་དགྱེད་དུ་ཕྱིན་ཡོད། ཟླ་3སོང་རྗེས། ཁོང་རྦད་དེ་དྲག་སྐྱེད་བྱུང་ནས་ཡང་བསྐྱར་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་ཤིང་། ཁོང་གིས“རང་ཉིད་ངོ་མས་བརྒྱུད་མྱོང་བ་མ་གཏོགས་ཡིད་ཆེས་བྱེད་དཀའ་བ་ཞིག་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
མོ་རི་ཐིའུ་སིའི་ཕྱི་ཁོངས་ཀྲུང་གོ་བ་གྲོང་ཁྱེར་སྨན་བཅོས་ཚོགས་པའི་ཀྲུའུ་ཞི་ཞུས་ཧུའེ་ལིན་གྱིས། “ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པ་དང་། ཁོང་ཚོའི་སྨན་བཅོས་ལག་རྩལ་བྱང་ཆུབ་པས་མོ་རི་ཐིའུ་སིའི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་བརྗོད། སྨན་པ་ཧུའུ་པིང་ལིན་གྱིས་གསར་འགོད་པར། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བདེ་ཐང་ཕོ་ཉ་ཞིག་ཡིན་པའི་ངོས་ནས་མོ་རི་ཐིའུ་སིའི་རིམས་འགོག་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།