ཉེ་ཆར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མཐུན་སྦྱོར་འོག འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་5ཤང་དབྱང་གྲོང་ཁྱེར་གྱི་ལྟེ་བའི་སྨན་ཁང་དང་མི་དམངས་སྨན་ཁང་དང་པོར་རྗེས་སྙེགས་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་བོད་དུ་སླེབས་ཚུན། སྨན་བཅོས་བོད་སྐྱོར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་འཕྱོངས་རྒྱས་རྫོང་གི་དམངས་འཚོ་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ། གདན་དྲངས་པ་དང་ཕྱིར་བསྐྱོད་པ་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་དང་བོད་དུ་ཡོང་བ་དང་ཤང་དབྱང་དུ་སྐྱོད་པའི་ལས་དོན་དུས་གཅིག་ཏུ་སྤེལ་ནས་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རྐང་འཛིན་པའི་དཔུང་ཁག་ཅིག་ནུས་ལྡན་བཏོད་དེ། འཕྱོངས་རྒྱས་རྫོང་གི་སྨན་བཅོས་ཤེས་ལྡན་པའི་གསོ་སྐྱོང་ལ་རམ་འདེགས་བྱས་པ་དང་འཕྱོངས་རྒྱས་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ཤང་དབྱང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོ་ཁོ་ནས་རིམ་རྩིས་བྱས་ན་སྨན་བཅོས་ལག་རྩལ་ཤེས་ལྡན་པ་19འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་པ་རེད། འདི་ལོའི་ཟླ་6པར་ཤང་དབྱང་གྲོང་ཁྱེར་གྱིས་མངགས་པའི་དུས་ཐུང་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་5ཡིས་འཕྱོངས་རྒྱས་རྫོང་དུ་ཟླ་གཅིག་ནང་ནད་པ་མི་ཐེངས་200ལྷག་ཙམ་ལ་སྨན་བཅོས་བྱས་ཤིང་། ཁོག་ནད་གཤག་བཅོས་3བྱས་པ་དང་། ནད་གཞི་ལྕི་བའི་ནད་པ་4སྲོག་ཉེན་ལས་བསྐྱབས་པ། སྙིང་རྩའི་གཅོང་ནད་ཕོག་པའི་ནད་པ་10སྐྱོབ་བཅོས་བྱས་པ་རེད།
“དགེ་རྒན་གྱིས་སློབ་མ་ཁྲིད་པའི”གསོ་སྐྱོང་ལམ་སྲོལ་བཙུགས་ཤིང་། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་རང་ངོས་ཀྱི་ཆེད་ལས་གཞིར་བཟུང་མི་རེས་འཕྱོངས་རྒྱས་རྫོང་གི་སྨན་དོན་མི་སྣ་གཅིག་ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་ཆབས་ཅིག འཕྱོངས་རྒྱས་རྫོང་གི་སྨན་དོན་མི་སྣ་གསོ་སྦྱོང་དུ་བསྐྱོད་རྒྱུར་གོ་སྐབས་བརྩོན་ལེན་བྱས་པ་རེད།