དབུ་ཤོག>གསར་འགྱུར།
  • དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ནས། དྭ་ཕྲུག་རྣམས་ལ་བདེ་སྐྱིད་ཐོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-22

    ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་རིན་ཆེན་ཆོས་སྒྲོན་གྱི་ཁང་པའི་ནང་ཆུ་ཚོད་ཀྱི་ཐིར་བརྡ་གྲགས་ཤིང་། ཁོང་གིས་དེ་མུར་མལ་ལས་ལངས་ཏེ་ཁ་ངོ་གཙང་མར་བཀྲུས་པ་དང་། དེ་རྗེས་ཕྲུ་གུ་ཚོའི་ཉལ་ཁང་རེ་རེ་བཞིན་སྒོ་བརྡུངས་ནས་ཁོང་ཚོ་མལ་ལས་ལངས་དགོས་པའི་བརྡ་བཏང་།

    ཕྲུ་གུ་ཚོས་ཁ་ངོ་གཙང་མ་བཀྲུས་ཚར་རྗེས་རིན་ཆེན་ཆོས་སྒྲོན་གྱིས་ཇ་དམ་ཁྱེར་ཏེ་ཟ་ཁང་དུ་ཇ་ལེན་པར་བསྐྱོད། རྒྱ་ཆེ་བའི་ཚོམས་ཆེན་ནང་ཁོང་གིས་ཕྲུ་གུ་ཚོ་དང་མཉམ་དུ་སྤགས་བཟའ་བ་དང་ཇ་འཐུང་གིན་དུ་དགོད་སྒྲའི་ཁྲོད་ཉིན་གཅིག་གི་ཞོགས་པ་འཛུམ་གྱིས་བསུས།

    ཁ་ལག་བཟས་ཚར་རྗེས། རིན་ཆེན་ཆོས་སྒྲོན་གྱིས་ཕྲུ་གུ་ཚོ་སྒོ་རའི་ནང་གི་སློབ་འཁོར་འགྲམ་དུ་བསྐྱལ་ཏེ། ཕྲུ་གུ་ཚོ་སློབ་འཁོར་ནང་བསྡད་ནས་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྐྱེལ་མ་བྱས། དེ་ནས་རིན་ཆེན་ཆོས་སྒྲོན་སླར་ཡང་རང་ཁྱིམ་དུ་ཕྱིར་ལོག་སྟེ་ཕྲུ་གུ་ཚོའི་གྱོན་གོས་བཀྲུ་བ་དང་ཁང་པར་བསྡུ་གསོག་རྒྱག་པ་སོགས་ཀྱི་ལས་ལ་བྲེལ།

    རིན་ཆེན་ཆོས་སྒྲོན་ནི་ཆབ་མདོ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གི་བྱམས་སེམས་ཆེ་བའི་ཨ་མ་ཞིག་རེད། འདི་ལོ་ལོ་31ལ་སླེབས་པའི་ཁོང་ཕྲུ་གུ་9ཡི་ཨ་མར་གྱུར་ཡོད། ལོ་ལྔའི་གོང་ཕན་བདེ་ཁང་ལ་སླེབས་པ་ནས་བཟུང་། ཁོང་གིས་ཕྲུ་གུ་9དང་འཚོ་བ་མཉམ་དུ་བསྐྱལ་ཞིང་། ཁོང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་དང་གཉིས་སུ་མ་མཆིས། ཁོང་གིས་ཀྱང་ཕྲུ་གུ་ཚོ་རང་ཉིད་ཀྱི་ཤ་ལས་བཅད་པའི་ཕྲུ་གུ་ལྟ་བུར་བརྩི་ཡི་ཡོད།

    རིན་ཆེན་ཆོས་སྒྲོན་ཕུད། ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པར་ད་དུང་བྱམས་སེམས་ཆེ་བའི་ཨ་མ་34ཡོད་པའི་ནང་ནས་ཨ་མ་ལྔ་རེས་མོས་ཀྱིས་འཁོར་ཞག་སྡོད་ཀྱི་ཡོད། ཕན་བདེ་ཁང་ཧྲིལ་པོར་དྲོ་སྐྱིད་ལྡན་པའི་སྡོད་ཁང་60ཡོད་པ་དང་བྱམས་སེམས་ཆེ་བའི་ཨ་མ་མི་རེ་ངོ་རེས་དྲོ་སྐྱིད་ལྡན་པའི་ཁང་པ་གཉིས་རེར་ལྟ་རྟོག་བྱེད་ཅིང་། ཆ་སྙོམས་བྱས་ན་ཨ་མ་རེས་ཕྲུ་གུ་10ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད།

    ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ཆུ་ཉིན་གྲོང་ཚོར་ཡོད་པའི་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པ་ནི་དྭ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྨན་བཅོས་བཅས་གཞི་གཅིག་ཅན་གྱི་བྱིས་པའི་ཕན་བདེའི་ལས་ཁུངས་ཤིག་རེད། མིག་སྔར་དེ་གར་ཁྱོན་ལས་བྱེད་ལས་བཟོ་81ཡོད་པ་དང་དྭ་ཕྲུག་753གསོ་སྐྱོང་བྱེད་པའི་ནང་ནས་སྒོ་རའི་ནང་དྭ་ཕྲུག་306གཅིག་སྡུད་ཐོག་གསོ་ཉར་བྱེད་ཀྱི་ཡོད། སྒོ་རའི་ནང་ཁང་ཕྱིའི་བྱེད་སྒོ་སྤེལ་ཡུལ་དང་། དཔེ་མཛོད་ཁང་། གློག་ཀླད་ཁང་། ཞབས་བྲོ་ཁང་། དཔེ་ཀློག་ཁང་། ལུས་གསོ་ཁང་། འཁྲུད་ཁང་། ཟ་ཁང་སོགས་ཀྱི་སྒྲིག་བཀོད་ཆ་ཚང་པོ་ཡོད།

    རང་ཉིད་ཀྱི་བྱམས་སེམས་ཆེ་བའི་ཨ་མ་ཕུད། ཕྲུ་གུ་ཚོས་ད་དུང་བུ་བཅོལ་ཁང་གི་རྒྱ་རིགས་ལས་དོན་མི་སྣ་གཅིག་པུ་ཡིན་པའི་ལའེ་ཅུན་ཝེ་ལ་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སི་ཁྲོན་ཞིང་ཆེན་གཡོད་ཁྲེ་རྫོང་ནས་ཡིན་པའི་ལའེ་ཅུན་ཝེ་ཕན་བདེ་ཁང་དེར་ལས་ཀ་བྱས་ནས་ད་བར་ལོ་བདུན་ཕྱིན་ཡོད།

    ལོ་ཤས་གོང་ལའེ་ཅུན་ཝེ་འཇོ་མདའ་རྫོང་སྤོ་ལོ་ཤང་ཨ་དམ་གྲོང་ཚོར་གྲོང་སྡོད་བྱེད་རིང་། གྲོང་ཚོའི་ནང་གི་བོད་རིགས་བུ་མོ་ཨ་ལགས་ངོ་ཤེས་ཤིང་། ཁོང་གཉིས་ཕན་ཚུན་དགའ་པོ་བྱས་ཏེ་མཐར་ཆང་ས་བརྒྱབ། ད་ཆ་ཁོང་གཉིས་ཀྱི་བུ་ལའེ་ཧུང་པིང་ལོ་གཅིག་ལ་སླེབས་ཡོད། བཟའ་ཟླ་དང་མཉམ་དུ་སྡོད་ཆེད་ཨ་ལགས་ཕན་བདེ་ཁང་དུ་ཡོང་བ་དང་དེ་ནས་ཡུན་རིང་མ་སོང་བར་ལུས་གསོ་ཁང་གི་ལས་མི་ཞིག་ཏུ་གྱུར།

    ལའེ་ཅུན་ཝེ་གིས་ཕན་བདེ་ཁང་གི་གཞུང་ལས་ཁང་དུ་ལས་ཀ་བྱེད་པ་མ་ཟད། ད་དུང་རྟག་ཏུ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་ཕྲུ་གུ་ཚོར་སྦྱོང་ཚན་ཟུར་ཁྲིད་བྱེད་པ་དང་། ཁོང་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ། ཁོང་ཚོར་རྒྱ་སྐད་སློབ་པ་སོགས་ཀྱང་བྱེད་པས་ཕྲུ་གུ་ཚོས་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས“ཉིན་མོའི་ལས་ཀའི་དུས་ཚོད་ནང་རང་འགན་གཙང་སྒྲུབ་བྱེད་པ་ནི་ངའི་འགན་འཁྲི་ཡིན་ཞིང་། ལས་ཐག་བཅད་རྗེས་བྱ་བ་ཆུང་ཙག་རེ་བསྒྲུབས་པ་ནི་ངས་ཁོང་ཚོར་སེམས་ཁུར་བྱས་པ་ཞིག་རང་ཡིན”ཞེས་བརྗོད།

    “ཕན་བདེ་ཁང་ནས་ཐོན་པའི་ཕྲུ་གུ་མང་པོ་ཡོད་ཅིང་། འགའ་རེ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་འགའ་རེ་ལས་ཀར་ཞུགས་ཟིན། ཁོམ་པ་བྱུང་རིམ་བཞིན་ཁོང་ཚོས་སེམས་པ་མཚོན་བྱེད་ཀྱི་ལག་རྟགས་སྣ་ཚོགས་འཁྱེར་ཡོང་བ་མ་ཟད། ད་དུང་ཕན་བདེ་ཁང་གི་གཅུང་པོ་དང་གཅུང་མོ་ཚོར་རྩེད་མོ་རྩེ་རོགས་ཀྱང་བྱེད་ཀྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་བསོད་ནམས་མཚོ་མོས་བརྗོད།

    ཕན་བདེ་ཁང་གི་གཅེན་པོ་དང་གཅེན་མོ་ཚོས་ཐུགས་ཁུར་བྱེད་པ་ཕུད། ད་དུང་ལོ་ལྟར་ཚན་པ་མང་པོ་ཞིག་གིས་དུས་ཆེན་གྱི་ངལ་གསོའི་རིང་ཕན་བདེ་ཁང་དུ་ཡོང་ནས་གཅེས་སེམས་མཚོན་པའི་བྱེད་སྒོ་སྤེལ་གྱི་ཡོད། ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱིས་ཀྱང་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྒོར་ཁྲི་390བཏང་ནས་ཕན་བདེ་ཁང་དུ་འཁྲུད་ཁང་དང་། ཉི་གཡབ། ཕྲུ་གུའི་གཉེན་ཉེ་ཐུག་འཕྲད་ཁང་བཅས་བསྐྲུན་པ་མ་ཟད། ད་དུང་གཞུང་ལས་ཁང་ལ་ལས་སྒྲུབ་སྒྲིག་ཆས་ཁག་གཅིག་ཀྱང་ཁ་སྣོན་བྱས་ཡོད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་སྒོར་ཁྲི་15རང་གྲབས་བྱས་ནས་ཞལ་འདེབས་བརྒྱབ་སྟེ། གཅེས་སེམས་མཚོན་པའི་དཔེ་ཁང་བསྐྲུན་པ་དང་། ཕན་བདེ་ཁང་གི་ལས་བྱེད་པ་དང་ལས་བཟོ་ཕྱིར་སྐྱོད་སྤེལ་རེས་ལ་མཐུན་སྦྱོར་བྱས་པ་ཆབས་ཅིག ཕྲུ་གུ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ཧྥུའུ་ཅན་དུ་དབྱར་སྒར་ནང་ཞུགས་པར་བསྐྱོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།