རྨ་བྱ་ཁ་འབབ་འགྲམ་དུ་ཐོན་ལས་འཕེལ་རྒྱས་བཏང་བ།
འདི་ནི་ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིའི་ནང་སྤུ་ཧྲེང་རྫོང་གི་ཞི་བདེ་གྲོང་ཚོའི་ཡུལ་མི་གཉིས་ཀྱིས་གོར་སོབ་བཟོ་བཞིན་པ།
ཉེ་བའི་ལོ་ཤས་རིང་། སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པར་གཞིགས་ཏེ་སྔ་བར་ཕྱི་གསུམ་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་འཆར་གཞི་ཞིབ་ཚགས་བཀོད་ནས་ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་པའི་མང་ཚོགས་དབུལ་པོར་ཡུན་རིང་འབབ་འཕར་ཡོང་བའི་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད།
ཇུས་འགོད —— སྲིད་གཞུང་གིས“འདེགས་སྐྱོར”བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
སྤུ་ཧྲེང་ནི་རྒྱ་གར་དང་ནེ་པ་ལ་དང་ས་འབྲེལ་གྱི་རྒྱལ་ཁབ་གསུམ་གྱི་མཚམས་སུ་གནས་པ་དང་། གནས་མོ་སྣ་གཉིས་ཀྱི་རྨ་བྱ་ཁ་འབབ་ཀྱི་རོང་དུ་ཆགས་པ་དང་། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་མཛེས་ལྗོངས་གྲགས་ཅན་རིམ་པར་ཆགས་པའི་ཁྲོད་ཀྱི་མངའ་རིས་ས་ཁུལ་གྱི“གངས་རིས་བསྐོར་བའི་གནས”ཤིག་ཡིན་པ་རེད།
སྤུ་ཧྲེང་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། དབུལ་སྒྲོལ་འགག་སྒྲོལ་ཀྱི་དམག་འཐབ་བརྒྱབ་པ་དང་ཆབས་ཅིག་ཏུ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དུད་ཚང་དབུལ་པོའི“རང་རྟེན”ནུས་པ་ཇི་འདྲ་བྱས་ནས་མཐོ་རུ་གཏོང་རྒྱུ་དེ་སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད།
དམངས་ཀྱིས་བསམ་བློ་གང་ལ་གཏོང་བ་དེར་སྲིད་གཞུང་གིས་བློ་ཁ་གཏད་ཡོད། བསམ་བློའི་འཐབ་རྩོད་ཡང་ཡང་བྱས་པ་བརྒྱུད་སྤུ་ཧྲེང་རྫོང་གིས་རིམ་བཞིན་ཐོན་ལས་འཕེལ་རྒྱས་གཏོང་བའི་གཞི་རྩའི་བསམ་བློ་སྟེ། དོན་དངོས་དང་ཟུང་འབྲེལ་དང་། ལེགས་ཆ་འདོན་སྤེལ། མིག་སྔར་གཞིས་ཚུགས་པ། ཕུགས་ལ་བསམ་བློ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ཉོ་ཚོང་ལས་རིགས་དང་། ཡུལ་སྐོར་ལས་རིགས། འདེབས་འཛུགས་དང་གསོ་ཚགས་ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས་ལས་རིགས་སོགས་ཀྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་སྟེ། ཁེ་ལས་ཅན་དང་། གཞི་ཁྱོན་ཅན། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། དུད་ཚང་དབུལ་པོ་རང་ས་རང་ཡུལ་ནས་ཁ་མི་འབྲལ་བར་སྒོ་རྩར་ལས་ཞུགས་འབབ་འཕར་ཐུབ་ནས་ཕྱུག་པོར་འགྱུར་རྒྱུ་འགན་ལེན་ཧུར་ཐག་བྱས་ཡོད།
སྤུ་ཧྲེང་རྫོང་གི་རྫོང་དཔོན་གཞོན་པ་རྒྱ་མཚོས། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཚད་གཞི་མཐོ་བའི་ངང་སྐུལ་འདེད་དང་ཕན་འབྲས་ཆེ་ཤོས་ལེགས་པར་འདོན་རྒྱུ་འགན་ལེན་བྱ་ཆེད། སྤུ་ཧྲེང་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་བའི“གཅིག་རེ་གསུམ”གྱི་ལས་ཀའི་ལམ་སྲོལ་ཆེད་མངགས་བཟོས་པ་སྟེ། ཐོན་ལས་རྣམ་གྲངས་རེ་ལ་རྫོང་རིམ་པའི་ལས་བྱེད་པ་རེས་སྣེ་ཁྲིད་པའི་ཆེད་དོན་ཚན་པས་ལྟ་སྐུལ་དོ་དམ་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས་པ་དང་། ཐོན་ལས་རྣམ་གྲངས་རེར་དཔྱད་གཞིའི་ཡིག་ཆ་ཆ་ཚང་ཞིང་། དཔེ་དེབ་འཚེམ་རྒྱག་ཚད་ལྡན་དང་། ལྟ་ཀློག་བདེ་བ། ཆེད་མཛོད་ཡོད་དགོས་པ། འཛུགས་སྐྲུན་གྱི་འགན་འཁྲི་དང་། མ་དངུལ་དོ་དམ། རྣམ་གྲངས་ལག་བསྟར། ལས་རྗེས་གདེང་འཇོག ཚང་མར་སྤྱི་བསྒྲགས། རྒྱུ་ནོར་དོ་དམ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་སོགས་ཞིབ་ཕྲ་དང་ཆ་ཚང་འཁོད་པའི་ཡིག་ཚགས་དང་རྩིས་ཁྲ་བཟོ་དགོས་པ། ཐོན་ལས་རྣམ་གྲངས་རེར་ཚད་ལྡན་དང་ཚན་རིག་དང་མཐུན་པའི་ཁེ་ཕན་མཉམ་འབྲེལ་དང་། ཁེ་སྤོགས་བགོ་འགྲེམས། ཚོང་གཉེར་དོ་དམ་བཅས་ཀྱི་ལམ་ལུགས་ཡོད་དགོས་པ་བཅས་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྤུ་ཧྲེང་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་བཅུ་གཅིག་འཆར་འགོད་བྱས་ནས་ད་ཆ་རྣམ་གྲངས་བཅུ་ལེགས་གྲུབ་ཟིན་པ་དང་རྣམ་གྲངས་གཅིག་ལག་ལེན་བསྟར་བཞིན་ཡོད། འདི་ལོར་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་རེས་ཀྱིས་དབུལ་སྐྱོར་རྣམ་གྲངས་བཞི་གསར་དུ་བསྣན་ཡོད།
བསྡུ་སྒྲིལ —— ལེགས་ཆ་གསབ་རེས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པ།
“ཀུང་སི་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་ལོ་དང་པོར་ང་ཚོའི་ཀུང་སིར་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་300ནས་སྒོར་ཁྲི་680བར་མང་དུ་སོང་ཡོད”ཅེས་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོའི་བདེ་སྐྱིད་སྦྱིན་པ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དཀོན་མཆོག་ཚེ་བརྟན་གྱིས་འགྱུར་ལྡོག་སྐོར་གླེང་སྐབས་སྤོབས་པས་ཁེངས་ཡོད།
སྟོད་ཡུལ་གྲོང་ཚོ་ནི་མཐའ་མཚམས་ཀྱི་འཐབ་ས་མདུན་མར་གནས་པ་དང་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། སྟོད་ཡུལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་གཞོན་ནུའི་དབུལ་སྐྱོར་མངགས་བཟོའི་བཟོ་གྲྭའི་མཉམ་ལས་ཁང་དང་། ཞིང་པ་ཨར་པོའི་རུ་ཁག་གི་ཆེད་ལས་མཉམ་ལས་ཁང་། གངས་ལྷ་མེ་ཏོག་དབུལ་སྐྱོར་བྱེ་རྡོ་ར་བའི་མཉམ་ལས་ཁང་བཅས་སྔ་རྗེས་སུ་བཙུགས་མོད། འོན་ཀྱང་ལས་གཉེར་ཡག་པོ་མ་ཐུབ་པ་དང་དོ་དམ་ཡག་པོ་མ་བྱུང་བའི་དབང་གིས་མཉམ་ལས་ཁང་3གྱི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་300ཙམ་ལས་བྱུང་མེད།
2018ལོའི་ཟླ་དྲུག་པར་ཞིང་འབྲོག་ཁུལ་ལ་སྔར་བས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་རམ་དང་མཛུབ་ཁྲིད་འོག་སྟོད་ཡུལ་གྲོང་ཚོའི་མཉམ་ལས་ཁང་3གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྟོད་ཡུལ་གྲོང་ཚོའི་བདེ་སྐྱིད་སྦྱིན་པ་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། འགན་སེམས་ཆེ་ལ་བསམ་ཕྱོགས་གསལ་བ་དང་རིག་གནས་ཀྱི་ཆུ་ཚད་མཐོ་བའི་དེ་གའི་ན་གཞོན་དཀོན་མཆོག་ཚེ་བརྟན་སྤྱི་ཁྱབ་ཅིང་ལིར་བསྐོས་པ་རེད།
འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཀུང་སི་དེས་ཕྱོགས་གཅིག་ནས་ནང་ཁུལ་གྱི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་གཞན་ཞིག་ནས་ཚོང་ཡོང་རྒྱུར་སྒུག་སྡོད་པའི་བསམ་བློར་འགྱུར་ལྡོག་བཏང་ནས་རང་འགུལ་ངང་ཁྲོམ་རར་བསྐྱོད་དེ་བྱེ་རྡོ་དང་། སྔོན་བཟོས་ཅ་དངོས། ཨར་སྐྲུན་ཞབས་ཞུ་བཅས་ངོ་སྤྲོད་བྱས་ཏེ་འཐུས་སྒོ་ཚང་བའི་ཞབས་ཞུ་བསྒྲུབས་ནས་དུས་ཐུང་ལོ་ཕྱེད་རིང་ཀུང་སིར་གྲུབ་འབྲས་ལྡབ་འཕར་བྱུང་ཡོད།
ལོ་དེའི་རིང་། ཀུང་སི་དེས་ཁེ་སྤོགས་སྒོར་ཁྲི་57བཏོན་ནས་གྲོང་ཚོ་ཡོངས་ཀྱི་ཐེམ་དུད་209ཡི་ཞིང་འབྲོག་པ་1004ལ་བགོ་འགྲེམས་བརྒྱབ་སྟེ་མི་རེར་སྒོར་600བྱུང་བ་དང་། དུད་ཚང་དབུལ་པོར་དེའི་ཐོག་ད་དུང་སྒོར་500བསྣན་ནས་ཁྱོན་སྒོར་1100བགོས་ཡོད།
2019ལོར་སྟོད་ཡུལ་གྲོང་ཚོའི་བདེ་སྐྱིད་སྦྱིན་པ་མ་རྐང་ཚད་ཡོད་ཀུང་སིར་ཡོང་འབབ་སྒོར་ཁྲི་750ཟིན་ཞིང་། སྒྲིག་ཆས་གསར་བརྗེས་བྱས་པར་སྒོར་ཁྲི་300ལྷག་བཏོན་པ་ཕུད་ཀུང་སི་དེས་ད་དུང་ཁེ་སྤོགས་སྒོར་ཁྲི་42བཏོན་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་བགོ་འགྲེམས་བརྒྱབ་ཡོད།
རིམ་སྤོར —— གྲུབ་ཆ་ལེགས་སྒྲིག་གིས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།
སྤུ་ཧྲེང་རྫོང་མཁར་དང་བར་ཐག་སྤྱི་ལེ་9ཙམ་ཟིན་པའི་ཞི་བདེ་གྲོང་ཚོར་སྔར་ནས་ནས་འདེབས་སྲོལ་ཡོད། དེ་གའི“ནས་དཀར”ཉེ་རིང་གང་སར་སྐད་གྲགས་ཆོད་པས་ཞི་བདེའི་རྩམ་པ་དེ“རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་ཟོག”འདུན་ཞུ་ལེགས་གྲུབ་བྱུང་ཡོད།
ལོ་མང་གོང་། ཞི་བདེ་གྲོང་ཚོས་རྩམ་པ་ལས་སྣོན་མཉམ་ལས་ཁང་བཙུགས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དམའ་རིམ་དུས་མཚམས་སུ་སླེབས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་142ཀྱི་ཞིང་འབྲོག་པ་590ལ་ཕན་པ་ཐོབ་ཡོད།
2017ལོར་ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་མ་དངུལ་སྒོར་ཁྲི་665.22བསྡུ་སྒྲིལ་བྱས་ཏེ་རྩམ་པ་ལས་སྣོན་ཁང་རིམ་སྤོར་ཐད་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ནས་ཀྱི་ནས་ཀྱི་ཏན་ཞིམ་དང་མེན་པའོ་ཐོན་སྐྱེད་བྱེད་ལམ་བཏོད་ཡོད།
2019ལོར་ཞི་བདེ་གྲོང་ཚོས་དོ་དམ་བྱེད་སྟངས་བསྒྱུར་ནས་སྔོན་མའི་མཉམ་ལས་ཁང་གི་རྨང་གཞིའི་ཐོག་ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་པ་རེད།
ཐོན་ཟོག་གི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཐོན་ཟོག་གི་སྤུས་ཚད་མཐོ་རུ་གཏོང་ཆེད། ཀུང་སི་དེས“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱ་ཐབས་ལ་བརྟེན་ནས་ལས་བྱེད་པ་6སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་ལ་རྩམ་པ་ལས་སྣོན་གྱི་ལག་རྩལ་སྦྱོང་བ་དང་ལྷ་སར་འོ་མའི་བག་ལེབ་བཟོ་བའི་ལག་རྩལ་སྦྱོང་བར་བཏང་བ་མ་ཟད། ལག་རྩལ་པ་གདན་དྲངས་ནས་ཐོན་སྐྱེད་ཕྱིར་ཚོང་གི་ལག་རྩལ་སློབ་ཁྲིད་བྱས་ཏེ་མང་ཚོགས་གྲོང་ཚོ་ནས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་སྦྱོང་ཐུབ་ཡོད།
ཞི་བདེའི་རྩམ་པ་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད། སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྤྱི་འདོམས་འོག་རྫོང་ཡོངས་ཀྱིས་ནས་དཀར་འདེབས་འཛུགས་ཁྱབ་སྤེལ་བཏང་སྟེ་ནས་འདེབས་ཁྱོན་དེ་སྔོན་གྱི་མུའུ་1157ནས་མུའུ་3159བར་ཆེ་རུ་བཏང་བ་དང་། མང་ཚོགས་ཐེམ་དུད་200ལྷག་ཙམ་དེའི་ནང་ཞུགས་པར་འབབ་འཕར་སྒོར་ཁྲི་100བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་འདེབས་འཛུགས་ཡོང་འབབ་སྒོར་ཁྲི་31.6བྱུང་ཞིང་། 2019ལོར་ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིས་ཞི་བདེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་28ཀྱི་མི་གྲངས་94ལ་སྒོར་ཁྲི་25.3བགོ་འགྲེམས་བརྒྱབ་ཡོད།
ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕུར་བུ་ཚེ་རིང་གིས་སྔོན་མ་རྩམ་པ་མ་གཏོགས་ཐོན་སྐྱེད་བྱེད་ཀྱི་མེད་པར་ལོར་ཧ་ལམ་ཐོན་འབབ་སྒོར་ཁྲི་50ལས་མེད། འདི་ལོར་ཐོན་ཟོག་གསར་པ་ཁྲོམ་རར་བཏོན་རྗེས་དུས་ཐུང་ལོ་ཕྱེད་ནང་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་པ་དང་། ད་དུང་སྒོར་ཁྲི་30ལྷག་ཙམ་གྱི་མངགས་ཐོ་འབྱོར་བས་སྔོན་དཔག་བྱས་ན་ལོར་ཐོན་འབབ་ལྡབ་འགྱུར་ཡོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ཕྱོགས་སྒྱུར —— གསར་འབྱེད་གསར་གཏོད་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད་པ།
ས་བབ་མཐོ་ཚད་སྨི་6656ཟིན་པའི་གངས་རིན་པོ་ཆེའི་འདབས་ཀྱི་བར་ག་ཤང་གངས་ས་གྲོང་ཚོར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་བཟུང་ཡུལ་སྐོར་བ་དང་གནས་མཇལ་བ་མང་པོ་ཡོང་གི་ཡོད། ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་སོང་བ་དང་ཆབས་ཅིག་གངས་ས་གྲོང་ཚོའི་གཡག་པའི་རུ་ཁག་ཀྱང་རིམ་བཞིན་དར།
ལོ་མང་པོར་འཚོལ་ཞིབ་དང་འབད་བརྩོན་བྱས་པ་བརྒྱུད། 2018ལོར“གཡག་པའི་རུ་ཁག”ལ་འགྱུར་ལྡོག་གསར་པ་ཞིག་བྱུང་བ་སྟེ་བོད་ལྗོངས་གངས་རིན་པོ་ཆེ་གནས་སྐོར་ཡུལ་སྐོར་ཞབས་ཞུ་ཀུང་སི་དངོས་སུ་བཙུགས་ནས་སྣ་མང་ཅན་གྱི་ཚོང་གཉེར་བྱེད་སྟངས་འགོ་བཙུགས་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། 2019ལོར་ཀུང་སི་དེས་ཡུལ་སྐོར་བ་མི་ཐེངས་ཁྲི་19ལ་སྣེ་ལེན་ཞུས་པར་ཁྱོན་ཡོང་འབབ་སྒོར་ཁྲི་3000ལས་བརྒལ་བ་དང་། གངས་ས་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་76གི་མི་198དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ནས་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་རེད།
མིག་སྔར། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཡུལ་སྐོར་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད་གངས་ས་གྲོང་ཚོས་སླར་ཡང་ཀུང་སིའི་ལས་སྟེགས་སྤྱད་དེ་ལས་ཞུགས་གཞན་སྒྱུར་ཤུགས་ཆེན་བྱས་ནས་སྔ་རྗེས་སུ་མི་100ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།
རེ་བའི་ས་བོན་བཏབ། འབྲས་བཟང་ཕྱིས་སུ་སྨིན། མིག་སྔར། སྤུ་ཧྲེང་གནམ་ཐང་བསྐྲུན་ཉེར་ཡོད་པས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་རྒྱུ་མ་ཟད། ཐོན་ལས་རྣམ་གྲངས་ཀྱི་ཕན་འབྲས་རབ་དང་རིམ་པའང་རིམ་གྱིས་ཐོན་རྒྱུ་རེད། སྤུ་ཧྲེང་རྫོང་དར་ཆེན་ཡུལ་སྐོར་ཞབས་ཞུ་ཕྱོགས་བསྡུས་རྣམ་གྲངས་ལ་ལོ་འཁོར་ནང་ཡོང་འབབ་སྒོར་ཁྲི་80ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་198ལ་འབབ་འཕར་བྱུང་ཡོད། སྤུ་ཧྲེང་རྫོང་བཟོ་སྐྲུན་རྒྱུ་ཆ་ཁྲོམ་རའི་རྣམ་གྲངས་ལ་སྔོན་དཔག་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་100ཟིན་རྒྱུ་དང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་310ལ་སྣེ་ཁྲིད་ཐུབ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000ཙམ་ཟིན་རྒྱུ་དང་། སྤུ་ཧྲེང་རྫོང་དམངས་ཕན་སྒོ་རྩིས་ཚོང་ཁང་གིས་ཚོང་འགུགས་བྱས་ཏེ་སྔོན་དཔག་ལྟར་ན་ཡོང་འབབ་སྒོར་ཁྲི་210ཙམ་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་830ལ་སྣེ་ཁྲིད་ཐུབ་ནས་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་1600ཙམ་བགོ་འགྲེམས་ཐོབ་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣