ཉིན་ཤས་གོང་། ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་དང་ཀྲེ་ཅང་སློབ་ཆེན་གྱིས་དུས་ཡུན་གཟའ་འཁོར་གཅིག་གི་ཀྲུང་ཨུའི་གུང་གསེང་སྐབས་ཀྱི་དྲ་ཐོག་སློབ་གྲྭ་ཞིག་མཉམ་དུ་གཉེར་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་རིམས་ནད་འགྲན་སློང་འོག་ཚན་རྩལ་གྱིས་སློབ་གསོར་ནུས་པ་སྟེར་བའི་ཐད་ཀྱི་འཚོལ་ཞིབ་དང་ལག་ལེན”ཡིན་པ་རེད། རྣམ་གྲངས་འདི་ཡང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཀྲུང་ཨུའི་མཐོ་སློབ་དབར་གྱི་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་རེད།
རྒྱལ་ཁབ་གཉིས་པོའི་སློབ་མའི་བར་ཐག་མགྱོགས་མྱུར་ཉེ་རུ་གཏོང་ཆེད། སློབ་ཚན་བཀོད་སྒྲིག་བྱེད་པའི་ཐད་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་འོག་གི་རྒྱང་ཁྲིད་སློབ་གསོའི་འབྲེལ་ཡོད་གནད་དོན་དང་ཐག་གཅོད་ཇུས་གཞིའི་བརྗོད་དོན་གཙོ་བོར་གྲོས་བསྡུར་བྱས་ཤིང་། རིམས་ནད་ཐོན་རིང་ཀྲུང་ཨུའི་དགེ་སློབ་ཚོར་ཐུན་མོང་ཐོག་འཕྲད་པའི་དཀའ་གནད་དང་དེ་དག་ཐག་གཅོད་བྱེད་པའི་ཇུས་གཞིར་ཞིབ་དཔྱད་བྱས་ནས། ཕན་ཚུན་དབར་རྒྱུས་ལོན་དང་ཡིད་ཆེས་སྔར་ལས་ཡག་པ་ཡོང་བ་དང་རྒྱབ་སྐྱོར་དེ་བས་ཆེན་པོ་ཐོབ་པར་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་སློབ་མ་ཚོས་ཀྲུང་ཨུའི་ཚན་རྩལ་སློབ་གསོའི་མཉམ་ལས་ཀྱི་གནས་ཚུལ་དང་། མ་འོངས་སྔོན་དཔག གྲངས་འཛིན་ཅན་འོག་གི་དགེ་རྒན་གྱི་ལས་ཀ་གཞན་སྒྱུར། ཨུ་རུ་སུའི་སློབ་གསོའི་ད་ལྟའི་གནས་བབ་སོགས་བརྗོད་དོན་གཙོ་བོའི་ཐད་དྲ་ཐོག་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་། ཀྲུང་གོའི་སློབ་མ་ཚོས་དྲ་ཐོག་ནས་མོ་སི་ཁོར་ཡུལ་སྐོར་བྱེད་པ་སོགས་དྲ་ཐོག་གི་རིག་གནས་ཉམས་ལེན་རྣམ་གྲངས་ནང་ཞུགས་ཡོད་པ་རེད།
ཀྲུང་གོའི་སློབ་མ་ཚོགས་པའི་འཐུས་མི་ལིའུ་ལིན་ཅཱ་ཡིས་བལྟས་ན། དུས་ཚོད་ཀྱི་ཧེ་བག་དང་སྐད་བརྡ་མི་འཕྲོས་པ་སོགས་ཀྱི་འགྲན་སློང་འཕྲད་ཀྱང་། ཕྱོགས་གཉིས་ཀྱི་དགེ་སློབ་ཚོས་གང་བསམ་ལྷུག་གླེང་དང་། ཟོལ་མེད་སྤེལ་རེས། ཕན་ཚུན་རོགས་རེས་བཅས་བྱས་ནས། དྲ་ཐོག་གི་སློབ་སྦྱོང་ཉམས་མྱོང་བསགས་ཡོད་པ་དང་། ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་གྱི་སློབ་མ་ཧཱ་པི་པུའུ་ལིན་གྱིས། སྤྲིན་ཚོམ་མཐའ་སྣེའི་སྤེལ་རེས་ལས་ཤེས་རྒྱ་འཕེལ་ཞིང་མཛའ་གྲོགས་ཟབ་ཏུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའི་ཀུང་ཚན་ཚའོ་ཧྲི་ཧའེ་ཡིས། ཐེངས་འདིའི་བྱེད་སྒོ་སྤེལ་བ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མཐོ་སློབ་ཀྱིས་རྒྱང་ཁྲིད་དྲ་རྒྱའི་ལས་སྟེགས་སྤྱད་དེ་སྤེལ་བའི་གུང་གསེང་སྐབས་ཀྱི་དྲ་ཐོག་གི་སློབ་ཁྲིད་བགྲོ་གླེང་གི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པས་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད། བརྒྱུད་རིམ་ཧྲིལ་པོར་སློབ་ཚན་དང་སྤེལ་རེས་བྱེད་སྒོ་གཙོ་སྐྱོང་བྱེད་མཁན་ཨུ་རུ་སུའི་དགེ་རྒན་ཨཱ་ནཱ་སི་ཐཱ་ཤིས་ཡཱ་ཡིས“རིམས་ནད་ཀྱི་འགྲན་སློང་མདུན་དུ། མི་རྣམས་ཀྱིས་སློབ་གསོ་སྒྱུར་བཅོས་ཀྱི་གནད་དོན་ལ་བསམ་བློ་གཏོང་འོས་པ་ཞིག་ཡོད། ལྷག་པར་དུ་སློབ་གསོའི་ཁྱབ་ཁོངས་སུ་ཆ་འཕྲིན་ལག་རྩལ་སྤྱོད་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས། འཛམ་གླིང་ལ་སྔར་བས་སྒོ་དབྱེ་དང་བབ་བསྟུན་གྱི་སློབ་གསོའི་མ་ལག་ཅིག་དགོས་གལ་ཆེན་པོ་ཡོད”ཅེས་བཤད་པ་རེད།