ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རིམས་ནད་ཐོན་རིང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་བུད་མེད་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་འགན་ལེན་ཡག་པོ་བྱེད་པ་དེ་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད། ཚེས་11ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་གཞོན་པ་སུང་ལིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། མིག་སྔར་རྒྱལ་ཡོངས་སུ་བཙའ་རོགས་སྒྲིག་གཞི་ཁྲི་2.6དང་བུ་བཙའ་ཚན་ཁག་གི་སྨན་པ་ཁྲི་20ལྷག་ཙམ་དང་བཙའ་རོགས་བྱེད་མཁན་ཁྲི་18ཡོད་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཁག་ཚང་མས་ཉེན་ཁ་ཆེ་བ་དང་ཚབས་ཆེའི་སྦྲུམ་མ། ཕྲུ་གུ་སྐྱེས་མ་ཐག་གི་བུད་མེད་ཀྱི་སྐྱོབ་བཅོས་ལྟེ་གནས་བཙུགས་ནས་མ་བུའི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ་རེད།
སུང་ལིས་ཀྱིས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཀྱིས་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་བུད་མེད་རིགས་དབྱེ་དོ་དམ་དང་དམིགས་སའི་རང་བཞིན་གྱི་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། མངལ་ཆགས་ཀྱི་ཉེན་ཁ་ཆུང་བའི་སྦྲུམ་མས་སྨན་པའི་མཛུབ་ཁྲིད་འོག་བུ་བཙའི་གོང་གི་བརྟག་དཔྱད་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། ཁྱིམ་སྡོད་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། སྦྲུམ་མའི་འདུས་ནད་དང་མཉམ་བྱུང་ནད་རིགས་ཡོད་པའི་སྦྲུམ་མས་སྨན་པའི་མཛུབ་ཁྲིད་འོག་དུས་ཚད་བཞིན་བུ་བཙའི་གོང་གི་བརྟག་དཔྱད་བྱེད་དགོས་པ་དང་། གལ་ཏེ་དམིགས་བསལ་གནས་ཚུལ་ཡོད་པ་ཤེས་ཚེ་འཕྲལ་མར་སྨན་བཅོས་བྱེད་དགོས། འགོ་ནད་ཡོད་པའི་སྦྲུམ་མ་ཉེན་ཆེའི་སྦྲུམ་མའི་ཆེད་དམིགས་ཡིག་ཚགས་དོ་དམ་ནང་བཅུག་ནས་སྐྱོབ་བཅོས་ཧུར་ཐག་བྱེད་དགོས།
རིམས་ནད་ཐོན་རིང་འགོ་ནད་ཡོད་པའི་སྦྲུམ་མ་དུས་ཐོག་ཏུ་ཤེས་རྟོགས་དང་སྐྱོབ་བཅོས་ཐུབ་ཆེད། རྒྱལ་ཁབ་ཀྱིས་ས་ཁུལ་ཁག་ལ་མཛུབ་ཁྲིད་ཀྱིས་སྦྲུམ་མའི་ཏོག་གསར་གློ་ཚད་ནད་བརྟག་སྨན་བཅོས་དང་སྐྱོབ་བཅོས་ཀྱི་དྲ་རྒྱ་བཙུགས་ཏེ། ས་ཁུལ་ཁག་ལ་ཆ་རྐྱེན་འཛོམས་པའི་བཙའ་རོགས་སྒྲིག་གཞིར་ཚ་རྒྱས་སྒོ་བསྟེན་སྨན་ཁང་འཛུགས་དགོས་པ་མ་ཟད། ཕྱོགས་བསྡུས་སྐྱོབ་བཅོས་ནུས་པ་ཆེ་བའི་བཙའ་རོགས་སྒྲིག་གཞི་ཁག་གཅིག་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་གི་བུད་མེད་སྐྱོབ་བཅོས་ཀྱི་དམིགས་འཛུགས་སྨན་ཁང་དུ་གཏན་འཁེལ་བྱས་ཏེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་དམིགས་འཛུགས་སྨན་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་སྦྲུམ་མ་སྨན་བཅོས་ལ་སྟབས་བདེ་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།