མགུ་ལུ་ནི་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་འབྲུག་གྲོང་ཚོའི་གྲགས་ཅན་མི་སྣ་ཞིག་ཡིན་ཞིང་། གྲོང་ཚོར་ཕྱུག་འགྱུར་སྣེ་ཁྲིད་པ་དང་། དཔེ་སྟོན་ཏང་ཡོན། སེམས་རྩ་འཁོལ་བའི་ཡུལ་མི་བཅས་ཀྱི་སྐོར་གླེང་སྐབས་ཚང་མས་མ་གྲོས་གཅིག་མཐུན་ངང་ཁོང་ཡིད་ལ་འཆར་གྱི་ཡོད།
འདི་ལོ་ལོ་45ལ་སླེབས་པའི་མགུ་ལུ་ལས་ལ་བརྩོན་ཞིང་སེམས་རྩ་འཁོལ་པོ་ཡོད། ལོ་མང་ལས་དོན་སྒྲུབ་རིང་ཁོང་གིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་སྒོ་ནས་ཏང་ཡོན་ཚོར་དར་ཆ་སྒྲེང་བ་དང་། གདོང་ལེན་བྱེད་པ། མིག་དཔེ་སྟོན་པ་བཅས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2019ལོར་མགུ་ལུ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་པ་རེད།
རྒྱ་ཡིག་གི་ཆུ་ཚད་ཅུང་ལེགས་རྐྱེན་མགུ་ལུས་རང་ཉིད་ཀྱི“སྐད་ཡིག་གཉིས་ཤེས་པའི”ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་ལ་རང་འགུལ་ངང་གཞོགས་འདེགས་ཀྱིས་མང་ཚོགས་ཚོར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དྲིལ་བསྒྲགས་བྱེད་པ་དང་། སྣེ་ཁྲིད་དེ་ཏང་གི་སྲིད་ཇུས་བཟང་པོ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འབྲུག་གྲོང་ཚོར་བཀྲག་མདངས་ལྡན་པའི་ངང་བཞད་པར་བྱས་ཡོད།
“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། བོད་རིགས་དང་རྒྱ་རིགས་ཡིན་ནའང་འདྲ། ཡང་ན་མོན་པ་རིགས་དང་ལྷོ་པ་རིགས་ཡིན་ནའང་འདྲ་གང་ལྟར་ཚང་མས་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་ཚེ་ཐུན་མོང་ཡར་རྒྱས་དང་ཐུན་མོང་ཕྱུག་འགྱུར་ཡོང་ངེས་རེད”ཅེས་པའི་མགུ་ལུའི་སྐད་གསང་མཐོ་བའི་སྒྲོག་འགྲེལ་གྱི་སྒྲ་དེ་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་ནས་ཡང་སེ་གྲགས་ཀྱི་ཡོད།
མེ་ཏོག་རྫོང་གི“ལས་གཏོད་དང་གསར་གཏོད”ཀྱི་ཚ་རླབས་དང་ལེན་ཧུར་ཐག་བྱ་ཆེད། 2016ལོར་མགུ་ལུས་ཤུགས་རྒྱག་གཞི་གནད་སྨིན་འཚོལ་བ་དང་ཡུལ་བབ་དང་བསྟུན་ནས་རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་40བཏང་སྟེ་ཤིང་ཆས་ལས་སྣོན་བཟོ་གྲྭ་གཉེར་བས་གཏན་འཇགས་ལས་གནས་8དང་གནས་སྐབས་རང་བཞིན་གྱི་ལས་གནས་10ལྷག་ཙམ་མཁོ་འདོན་བྱས་ཡོད།
ལོ་མང་རིང་གི་དཀའ་སྤྱད་གཉེར་སྐྱོང་བྱས་པ་བརྒྱུད་མིག་སྔར་མགུ་ལུའི་ཤིང་ཆས་ལས་སྣོན་བཟོ་གྲྭར་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་100ལྷག་ཙམ་ཟིན་ནས་དུད་ཚང་དབུལ་པོ་5ཡི་མི་12ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་7000ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།
མགུ་ལུས“ཕྱིན་ཆད་རང་ཉིད་ཀྱིས་མུ་མཐུད་རང་དཔེ་གཞན་སྟོན་གྱིས་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཕྱུག་འགྱུར་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ང་ཚོའི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་གྱི་ཡིན”ཞེས་བརྗོད།