བར་སྐོར་ཁྲོམ་གཞུང་བདེ་ལེགས་ཁང་སྒོ་རའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་གྲོང་མི་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། མ་གཞི་མི་རིགས་ཁག་གི་གྲོང་མིའི་འཚོ་བའི་གོམས་གཤིས་དང་སྐད་རིགས་གཅིག་པ་མིན་ན་ཡང་། གྲོང་མི་ཕན་ཚུན་ཐུག་རིམ་བཞིན་འཛུམ་གྱིས་བསུས་ཏེ་ཁམས་བདེའི་འཚམས་འདྲི་ཞུ་གི་ཡོད།
སྒོ་ར་དེའི་ནང་གི་མཱ་མོ་ཧ་མའེ་ལྷ་སར་འཚོ་བ་བསྐྱལ་ནས་ད་བར་ལོ་བརྒྱད་སོང་ཡོད།
“ཁྱེད་ཚོ་ས་ཐག་རིང་པོ་ནས་འདི་གར་ཚོང་རྒྱག་པར་ཡོང་བ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད། ངའི་ཁང་པ་ཁྱེད་ཚོས་བློ་བདེ་པོས་བོགས་མར་བླངས་ཆོག ང་ཚོས་ཁང་གླ་གང་བྱུང་སྤོར་མི་སྲིད། ཁྱེད་རང་ང་ཚོའི་སྒོ་རའི་ནང་གི་གྲོང་པ་ཁྱིམ་མཚེས་དང་འཆམ་མཐུན་བྱུང་ན་ང་ཚོའི་མཉམ་ལས་དེ་ཡག་པོ་ཞིག་ཡོང་ངེས་རེད”ཅེས་པའི་ཁང་བདག་ཨ་མ་རྒད་མོ་ཚེ་རིང་གཡུ་སྒྲོན་གྱིས་ལོ་བརྒྱད་གོང་བརྗོད་པའི་སྐད་ཆ་དེ་ཀན་སུའུ་ལིང་ཤ་ཧུད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པའི་མཱ་མོ་ཧ་མའེ་ཡི་སེམས་ནང་ད་ལྟའང་གསལ་པོར་ངེས་ཡོད།
ལོ་བརྒྱད་རིང་། ཚེ་རིང་གཡུ་སྒྲོན་གྱིས་ཁ་བཤད་ལག་ལེན་ཐོག་འཁྱོལ་བ་བྱས་ཏེ་ཁང་གླ་སྤར་མྱོང་མེད་པས་མཱ་མོ་ཧ་མའེ་ཡིས་ཨ་མ་རྒད་མོ་དེར་སེམས་གཏིང་ནས་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད།
ཚེ་རིང་གཡུ་སྒྲོན་ཁྱིམ་གྱི་སྒོ་རའི་ནང་ཁང་པ་བོགས་མར་ལེན་མཁན་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཡོད་པ་དང་། མ་གཞི་མི་རིགས་གཅིག་པ་མིན་ན་ཡང་ཁང་གླ་གཏོང་རིམ་བཞིན་མི་ཚང་མར་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད།
མཱ་མོ་ཧ་མའེ་བར་སྐོར་ཁྲོམ་གཞུང་དུ་ཁྱིམ་སྤྱོད་གློག་ཆས་ཚོང་གཉེར་བྱེད་ཀྱི་ཡོད། སྐབས་རེ་སྒོ་རའི་ནང་གི་ཁྱིམ་ཚང་སུའི་ཤེལ་ཏོག་འཚིགས་པ་དང་། གློག་སྐུད་ཆད་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་གྲོང་པ་ཚང་མས་མཱ་མོ་ཧ་མའེ་ལ་བཟོ་རོགས་ཟེར་གྱི་ཡོད་ཅིང་། མཱ་མོ་ཧ་མའེ་ཡིས་ཀ་རེ་ཀོ་རེ་རྩ་བ་ནས་མེད་པར་རང་ཉིད་ཀྱི་གློག་བཟོའི་ལག་ཆ་བླུགས་པའི་སྒམ་ཁྱེར་ནས་རོགས་པ་བྱེད་པར་འགྲོ་གི་ཡོད།
“གྲོང་པ་ཁྱིམ་མཚེས་ལ་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་ཆུང་ཙག་རེ་བསྒྲུབ་རྒྱུ་བྱུང་ཚེ་སེམས་སྐྱིད་པོ་འདུག དེ་ནི་ངས་ཨ་མ་རྒད་མོ་ཚེ་རིང་གཡུ་སྒྲོན་ཚུད་པའི་གྲོང་པ་ཁྱིམ་མཚེས་ཚོའི་དྲིན་ལན་འཇལ་ཐབས་གཅིག་པོ་དེ་ཡིན། ཕ་མ་ཉེ་འགྲམ་དུ་མེད་མོད། འོན་ཀྱང་ལྷ་ས་ནི་ངའི་ཕ་ཡུལ་གཉིས་པ་དང་ཨ་མ་རྒད་མོ་ཚེ་རིང་གཡུ་སྒྲོན་ངའི་ནང་གི་རྒན་རབས་ལ་བརྩི་གི་ཡོད། འདི་ནས་ངས་མཐུན་སྒྲིལ་མཛའ་བརྩེ་དང་དྲིན་ལན་འཇལ་ཐབས་ཤེས་བྱུང་། ངས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡིན”ཞེས་མཱ་མོ་ཧ་མའེ་ཡིས་ལྷག་བསམ་ཟོལ་མེད་ངང་བརྗོད།