དབུ་ཤོག>གསར་འགྱུར།
  • རི་གྲོང་ནས“དྲིན་ཚོར་གྱི་གླུ་དབྱངས”གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-03

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་ལྷག་ཙམ་རིང་བལ་ཐོ་གྲོང་ཚོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཐུབ་ཡོད། ད་ཆ་བལ་ཐོ་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། རང་འབབ་ཆུ་ཀ་ལ་འཁྲིད་པ། གློག་བརྟན་པོ་ཡོད་པ། 4Gབརྡ་རྟགས་ཚང་མར་ཁྱབ་པ། བུ་བཅོལ་ཁང་ཡོད་པ། སློབ་ཆེན་སློབ་མ་ཡོད་པ། འཕྲོད་བསྟེན་ཁང་ཡོད་པ། གྲོང་ཚོའི་སྨན་པ་ཡོད་པ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད།

    བལ་ཐོ་གྲོང་ཚོ་འདི་ཉིད་ས་བབ་མཐོ་ཚད་སྨི་4300ཡི་སར་ཡོད་ཅིང་། དེ་རིང་གསར་འགོད་པ་དང་མཉམ་དུ་ཏང་གི་སྲིད་ཇུས་བཟང་པོ་དང་འོད་སྟོང་ལས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་རི་ཟམ་དུ་གནས་པའི་བལ་ཐོ་གྲོང་ཚོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་གཟིགས་པར་ཕེབས་དང་།

    འགྱུར་ལྡོག་རེ་རེ་ལས་འཚོ་བ་གསར་པ་རིམ་བཞིན་མངོན་འགྱུར་བྱུང་བ།

    ཤིན་རོང་ཤང་ནས་བལ་ཐོ་གྲོང་ཚོར་སྐྱོད་སྐབས་སྔོན་ལ་རྒྱལ་མོ་རྔུལ་ཆུའི་གཡོན་ངོགས་ཀྱི་གདགས་རོང་ཤང་གི་སྣུམ་ནག་གཞུང་ལམ་བརྒྱུད་རླངས་འཁོར་བཏང་སྟེ་སྐར་མ་བཅུ་ཙམ་སོང་རྗེས་རྒྱལ་མོ་རྔུལ་ཆུའི་ཉིང་ལག་ཆུ་བོ་གཏིང་ཆུ་གཙང་པོའི་ཕྱོགས་སུ་བསྐྱོད་སའི་བྱེ་རྡོ་ལམ་ཞིག་ཏུ་སླེབས་ཀྱི་འདུག

    བྱེ་རྡོ་ལམ་གྱི་མི་རིང་བའི་སར་ཞེང་ཚད་ལ་ལི་སྨི་80ཙམ་ཡོད་པའི་ལམ་ཆུང་ཞིག་རི་སྟེང་དུ་གཡུ་འབྲུག་འཁྱུག་པ་ལྟར་ཡོད་པ་ནི་བལ་ཐོ་གྲོང་ཚོའི་མང་ཚོགས་དེ་སྔོན་ཕྱིར་བསྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། 

    ང་ཚོ་དང་མཉམ་དུ་ཡོད་པའི་ལྷོ་རོང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་བལ་ཐོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་འཕྲིན་ལས་ཀྱིས་གསར་འགོད་པར་བྱེ་རྡོ་ལམ་དེ་ནི་2017ལོར་ཤར་གཏོང་ཐུབ་པ་རེད་ཅེས་བཤད།

    གྲོང་ཚོའི་ནང་དུ་སླེབས་མ་ཐག་རྐོ་འདྲུའི་འཕྲུལ་འཁོར་གྱི་ལྡིར་སྒྲ་ལྷང་ལྷང་དུ་གྲགས་པ་ཐོས་རྒྱུ་ཡོད་ཅིང་། ང་ཚོ་སྐད་སྒྲ་གྲགས་པའི་ཕྱོགས་སུ་སྐྱོད་སྐབས་རྐོ་འདྲུའི་འཕྲུལ་འཁོར་གཅིག་གིས་ཡུར་བུ་འདྲུ་བཞིན་འདུག དེའི་འགྲམ་དུ་ཡོད་པའི་གྲོང་མི་འཆི་བུ་བས་དེ་ནི་རྫོང་གིས་ང་ཚོར་ཆུ་སྦུག་བཟོས་པའི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་ཟླ་བཞི་པའི་ཟླ་མཇུག་ནས་ཨར་སྐྲུན་བྱེད་འགོ་ཚུགས་ཡོད་ཅེས་བཤད་བྱུང་།

    རྫོང་སྲིད་གཞུང་གིས་བལ་ཐོ་གྲོང་ཚོའི་དེ་སྔའི་ཆུ་ལེན་ས་རྙིང་པ་དང་གོག་ཏོ་ཆགས་པ་ཤེས་རྗེས་འདི་ལོའི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་མཐོར་གཏོང་དང་དབུལ་སྐྱོར་བསྡུ་སྒྲིལ་མ་དངུལ་ཁྲོད་ནས་སྒོར་ཁྲི་146བཏོན་ཏེ་དེ་སྔའི་ཆུ་ཤར་གཏོང་གི་རྨང་གཞིའི་ཐོག་བལ་ཐོ་གྲོང་ཚོར་ཆུ་ལེན་ས་གཉིས་དང་། ཆུ་གསོག་རྫིང་བུ་2 སྦུབས་ལམ་སྤྱི་ལེ་4འདྲུས་པ་བཅས་བྱས་ནས་བལ་ཐོ་གྲོང་ཚོའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

    དམངས་ཕན་ལས་གྲྭ་དེར་གྲོང་མི་ཚོས་པར་བརྒྱབ་ནས་སྐད་འཕྲིན་གྲོགས་ཚོགས་ནང་བསྐུར་བར་བྲེལ། ད་ཆ་4Gབརྡ་རྟགས་ཚང་མར་ཁྱབ་པས་འཕྲིན་གཏོང་གི་གནས་ཚུལ་ཐག་གཅོད་ཐུབ་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲོལ་ཆུང་གིས“2014ལོའི་ཟླ་6པ་ནས་བཟུང་གྲོང་ཚོའི་ནང་འཕྲིན་གཏོང་སྦྲེལ་ཚུགས་བཙུགས་ཡོད”ཅེས་དགའ་སྤྲོའི་ངང་བཤད།

    གྲོང་མི་བུ་ཆུང་གིས་ངེས་གསལ་ལ་བརྡ་རྟགས་མེད་པའི་གོང་ལས་ཀ་ཡོད་སྐབས་ཤང་གི་ལས་བྱེད་པས་ལན་སྐྱེལ་བར་ཡོང་བ་དང་ཚང་མས་ཤང་དུ་ཁ་པར་རྒྱག་པར་འགྲོ་ཡི་ཡོད། སྐབས་དེ་དུས་གྲོང་ཚོ་ཡོངས་སུ་དུད་ཚང་འགའ་ཤས་ལ་མ་གཏོགས་ལག་ཐོགས་ཁ་པར་མེད། ད་ཆ་དུད་ཚང་ཚང་མར་ལག་ཐོགས་ཁ་པར་ཡོད་པ་མ་ཟད། 2016ལོར་བོད་ཤར་གློག་དྲ་ནས་གློག་བཏང་བས་གློག་ལའང་སེམས་ཁྲལ་མེད།

    འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པས་གྲོང་མིའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    ཧྥུའུ་ཅན་དགེ་འོས་སློབ་ཆེན་ཕིང་ཐན་ཞོར་གཏོགས་སློབ་འབྲིང་འགྲིམ་བཞིན་པའི་བཀྲ་ཤིས་ཉི་མ་དང་རིན་ཆེན་ཉི་མ་ནི་བལ་ཐོ་གྲོང་ཚོ་ནས་བོད་ལྗོངས་ནང་སའི་འཛིན་གྲྭར་ལོན་པའི་སློབ་མ་རེད། ཁོང་གཉིས་དང་ནུབ་བྱང་མི་རིགས་སློབ་ཆེན་ལོ་རིམ་བཞི་པར་ཡོད་པའི་ཚེ་རིང་ཟླ་བ་ནི་བལ་ཐོ་གྲོང་ཚོའི་སྤོབས་པ་རེད།

    “ཁོང་ཚོ་ནི་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ནས་འཚར་ལོངས་བྱུང་བའི་སློབ་མ་བཟང་པོ་ཞིག་རེད”ཚབ་ཁྲིད་དགེ་རྒན་བྱས་ནས་ལོ་40སོང་བའི་དགེ་རྒན་བསོད་ནམས་དབང་རྒྱལ་གྱིས་བལ་ཐོ་གྲོང་ཚོའི་སློབ་གསོའི་འཕོ་འགྱུར་གྱི་དཔང་པོ་བྱེད་ཐུབ། 2018ལོར་བལ་ཐོ་གྲོང་ཚོའི་དེ་སྔའི་དར་དམར་སློབ་ཁྲིད་ས་ཚིགས་དེ་ཤིན་རོང་ཤང་ལྟེ་བའི་སློབ་ཆུང་དུ་ཟླ་སྒྲིལ་བཏང་བ་རེད། དེ་སྔའི་སློབ་ཁྲིད་ས་ཚིགས་དེར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་194བཏང་ནས་བལ་ཐོ་གྲོང་ཚོའི་བུ་བཅོལ་ཁང་བསྐྲུན་ཡོད།

    བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར“ཕྲུ་གུ་ཚོ་བུ་བཅོལ་ཁང་དུ་ཉིན་དགུང་ངལ་གསོ་རྒྱག་པ་དང་ལྟོ་བཟའ་ཆོག་ཅིང་། གཟུགས་པོ་མི་བདེ་བའི་སྐབས་སུ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་འགྲོ་ཆོག”ཅེས་བཤད།

    གྲོང་ཚོའི་འཕྲོད་བསྟེན་ཁང་གྲོང་ཚོའི་ཨུ་ལྷན་གསར་པའི་ནང་ཡོད་པ་དང་དེར་སྨན་མཛོད་ཁང་གཅིག་དང་སྨན་བཅོས་ཁང་གཅིག་ཡོད། སྨན་མཛོད་ཁང་ནང་རྒྱུན་སྤྱོད་ཀྱི་ཕྱི་ལུགས་སྨན་དང་བོད་སྨན་ཡོད། གྲོང་ཚོའི་སྨན་པ་ངག་ཤེས་ཁ་དང་སྒྲོན་ལེགས་ཁ་ཡིས་རེས་མོས་ངང་མང་ཚོགས་ལ་རྒྱུན་མཐོང་ནད་ལྟ་ཡི་ཡོད།

    2019ལོའི་ཟླ་8ཚེས་3ཉིན་གྲོང་མི་ཚེ་གྲུབ་ཀྱི་ཁྱིམ་ལ་ཚ་བོ་གཅིག་བྱུང་བ་དེའི་མིང་ལ་གཡུ་འབྲུག་དར་རྒྱས་ཟེར་གྱི་ཡོད་པ་དང་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་སྐྱེས། ཚ་བོ་གཡུ་འབྲུག་དར་རྒྱས་ཕུད་ལོ་གསུམ་ལ་སླེབས་པའི་ཚ་མོ་རི་བུ་མ་ཡང་རྫོང་མི་དམངས་སྨན་ཁང་དུ་སྐྱེས་པ་རེད།

    གྲོང་ཚོའི་ནང་ཚོང་ཁང་འཛུགས་མཁན་དང་པོ་ངག་ཉི་ཁ་དངོས་ཟོག་ཁག་གཅིག་གྲ་སྒྲིག་བྱས་ནས་དབྱར་རྩྭ་དགུན་འབུ་སྔོག་སར་འཚོང་རྩིས་ཡོད་པ་རེད། 2014ལོར་དངུལ་བུན་སྒོར་ཁྲི་5གཡར་ཏེ་ཚོང་ཁང་བཙུགས་ནས་ད་བར་ཁོང་གི་ཚོང་ཁང་ལ་ཡོང་འབབ་ཡག་པོ་བྱུང་ཡོད།

    “དེ་སྔོན་ལོ་གསར་མ་བཏང་གོང་ལ་བརྒྱབ་ཐང་བརྒལ་བྱས་ནས་ཤང་དང་རྫོང་དུ་ཅ་ལག་ཉོ་བར་འགྲོ་ཡི་ཡོད་ཀྱང་འཚོ་བའི་མཁོ་ཆས་འདང་གི་མེད། ད་ཆ་གྲོང་ཚོའི་ནང་ཚོང་ཁང་བཞི་ཡོད་པས་ཅ་ལག་ཚང་མ་ཉོ་ཆོག་ཆོག་འདུག”ཅེས་ལྷམ་ཆ་གཅིག་ཉོས་མ་ཐག་གི་གྲོང་མི་སྐལ་བཟང་ཚེ་རིང་གིས་བཤད།

    བདེ་སྐྱིད་ལྡན་པའི་འཚོ་བའི་དུང་བརྡ་འདི་གར་གྲགས།

    ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་དུ་ཚེ་དབང་དཔལ་འཛོམས་ཀྱིས་ཇ་བསྲུ་འཕྲུལ་ཆས་ནང་ཇ་བསྲུབས་མ་བཟོ་བའི་སྒྲ་འུར་འུར་དུ་གྲགས་རྗེས་ཁྱིམ་ཚང་གཞན་དག་ནས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཇ་བཟོ་བའི་སྒྲ་གྲགས་ཏེ་བལ་ཐོ་གྲོང་ཚོའི་ཉིན་གསར་པ་དེ་འགོ་ཚུགས།

    ཞོགས་ཟས་བཟས་ཚར་བའི་ཨ་མ་རིན་ཆེན་སྒྲོལ་མས་རང་གི་སྟོད་གོས་གསར་པ་སྒམ་ནས་བཏོན་ཏེ་ཉི་མར་སྐེམ་རྩིས་བྱས། ཁོང་གིས་ངེས་གསལ་ལ་དེ་སྔ་ལྷམ་གྱོན་རྒྱུ་མེད་པར་རྐང་པར་ཀོ་བ་དཀྲི་ཡི་ཡོད། ཕྲུ་གུ་སྐྱེས་ནའང་གོས་གཡོགས་རྒྱུ་མེད་པར་འཁྱགས་ཤི་ཐེབས་དོགས་ཀྱིས་རང་ཉིད་ཀྱི་སྟོད་ཐུང་ཕུད་ནས་ཕྲུ་གུ་སྒྲིལ་གྱི་ཡོད་པ་རེད།

    སྒྲོན་ལེགས་ཁས་གསར་འགོད་པར། ད་ཆ་གྲོང་མིས་ལྷན་པ་བརྒྱབ་པའི་གོས་གྱོན་མཁན་མེད། གྱོན་གོས་ཚང་མ་གྲོང་ཚོའི་ཚོང་ཁང་ངམ་ཡང་ན་རྫོང་གྲོང་ནས་ཉོ་ཡི་ཡོད་ཅེས་བཤད།

    “ཉེ་བའི་ལོ་ཤས་རིང་། ལྷག་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་འགོ་བཙུགས་ཚུན་དུ། བལ་ཐོ་གྲོང་ཚོའི་ཕྱོགས་ཚང་མར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2018ལོར་བལ་ཐོ་གྲོང་ཚོས་ལྷོ་རོང་རྫོང་དང་མཉམ་དུ་དབུལ་ཞྭ་ཕུད་ཡོད”ཅེས་བསོད་ནམས་འཕྲིན་ལས་ཀྱིས་བཤད།

    བསོད་ནམས་འཕྲིན་ལས་ཀྱིས་གསར་འགོད་པར། ད་ཆ་བལ་ཐོ་གྲོང་ཚོར་སྣོད་བཅུད་ཁ་གསབ་ལས་གནས་ཐོག་མི་352ཡོད་པ་དང་མི་རེར་ལོ་རེར་ཡོང་འབབ་སྒོར་3500ཡོད་པར་མི་རེར་ཆ་སྙོམས་སྒོར་1530ཟིན་པ་དང་། གྲོང་ཚོ་ཡོངས་སུ་གཞུང་ཁོངས་ནགས་ཚལ་མུའུ་ཁྲི་4.7ལྷག་ཙམ་ཡོད་པར་མི་རེར་ཆ་སྙོམས་ཁ་གསབ་སྒོར་285.87ཟིན་པ། རྩ་ར་མུའུ་4835ཡོད་པར་མི་རེར་ཆ་སྙོམས་ཁ་གསབ་སྒོར་162.08ཟིན་པ་བཅས་རེད། 2019ལོར་ལྷོ་རོང་རྫོང་གི་ཕན་འབྲས་ཐོན་པའི་དབུལ་སྐྱོར་ཐོན་ལས་ཚང་མ་ནས་རྫོང་ཡོངས་ལ་བགོ་འགྲེམས་བརྒྱབ་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་དུད་ཚང་ལ་མི་རེར་ཆ་སྙོམས་སྒོར་1375བགོ་འགྲེམས་བརྒྱབ་པའི་ཐོག་ཞིང་ཁ་འདེབས་པ་དང་། ཕྱུགས་རིགས་གསོ་བ། དབྱར་རྩྭ་དགུན་འབུ་སྔོག་པ་བཅས་ཀྱི་ཡོང་འབབ་བསྣན་ན་2019ལོར་ཚོད་རྩིས་བྱས་ན་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་7534.25བྱུང་ཡོད་ཅེས་བཤད།

    བལ་ཐོ་གྲོང་ཚོར་བཅར་འདྲི་བྱེད་མཇུག་འགྲིལ་རྗེས་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་ཞིང་། མཐའ་བཞི་གངས་རིས་བསྐོར་བའི་མཛེས་སྡུག་ལྡན་པའི་གྲོང་ཚོ་དེ་བོད་ཀྱི་གྲོང་ཚོ་མང་པོ་དང་འདྲ་བར་ཏང་གི་སྲིད་ཇུས་བཟང་པོའི་འོག་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བར་སྐྱོད་པའི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།